མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་གནད་དོན་ཐད་ཀྱི་བསམ་འཆར། ཟི་ལིང་ས་ཁུལ་གྱི་ལས་འཁྱུར་གཞུང་ཞབས་པ་དང་སློབ་གསོའི་ལས་ཀ་བ་སྐོར་ཞིག་གིས།

བཅིངས་འགྲོལ་གྱི་རྗེས་སུ། ནང་སྒོས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང༌། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་ ཤིང་མྱུར་ལ་གསོན་ཤུགས་ལྡན། སྐད་གཉིས་སློབ་གསོའི་མ་ལག་གི་འཐུས་སྒོ་ཇེ་ཚང་དང་བསྟུན་ནས་གཡུར་དུ་ཟ་བའི་ གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་སྤྱིའི་སྟེང་ཉིན་རེ་ཞག་རེ་ལྟར་ཤུགས་རྐྱེན་ཇེ་ཆེ་ནས་ཇེ་ཆེར་འགྲོ་མུས་ སུ་ཡིན། བོད་རིགས་རང་སྐྱོང་ཁུལ་དག་གིས་ནན་ནན་ཏན་ཏན་གྱིས་བརྟན་བརླིང་དང་ཚན་རིག་དང་ མཐུན་ཞིང༌། གཟབ་ནན་གྱིས་རྨང་གཞིའི་སློབ་གསོ་རིམ་པའི་སྐད་གཉིས་སློབ་གསོར་བསྐུལ་འདེད་ བྱས་ཡོད་པས་སློབ་གསོའི་ཁྱབ་གདལ་གྱི་ཚད་རིམ་མཐོ་རུ་ཕྱིན་ཏེ་གཞོན་སྐྱེས་ཁྲོད་ བརྒྱ་ཆ་ ༩༦ % ཡིག་རྨོངས་ལས་ཐར་ཡོད། དེ་བས་ཀྱང་རྨ་ལྷོ་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་གང་ཅིའི་ཐད་ནས་བོད་སྐད་དང་རྒྱ་ སྐད་གཉིས་མཉམ་སྤྱོད་དང་ཁྱབ་སྤེལ་བཏང་བ་བརྒྱུད་དེ་བོད་སྐད་ནི་སློབ་ཚན་མང་ཆེ་ བའི་སློབ་ཁྲིད་ཀྱི་ལག་ཆ་བྱས་ཡོད། དེའི་དབང་གིས་རང་ཡུལ་གྱི་ཤེས་འཇོན་གཉིས་འཛོམས་ཀྱི་མི་སྣའི་གྲངས་འབོར་དང༌། མཐོ་རིམ་ཤེས་འཇོན་གཉིས་འཛོམས་ཀྱི་མི་སྣའི་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་གྲལ་ འགོར་སླེབས་ཡོད།

སྐད་གཉིས་དང་སྐད་མང་ཅན་གྱི་མི་སྣ་ནི་མཚོ་སྔོན་བོད་ཁུལ་གྱི་རང་ས་ལས་བརྒལ་ བའི་འཕེལ་རྒྱས་དང་ཡུན་རིང་བརྟན་གནས་གྱི་སྟོབས་ཤུགས་མ་རྐང་ཡིན་པར་མ་ཟད། ད་དུང་འཛམ་གླིང་གྲུ་ཟུར་ཀུན་ཏུ་ཁྱབ་ཡོད་པས་ཁུལ་དེ་དག་ནི་བོད་ཁུལ་གྱི་སྐད་ གཉིས་སློབ་གསོའི་གྲུབ་འབྲས་འབུར་དུ་ཐོན་པའི་ས་ཁུལ་དུ་གྱུར་ཡོད་ལ་སློབ་གསོ་ དང་སྐད་རིགས་ཀྱི་ཕྱོགས་སུ་མང་ཚོགས་ཀྱི་བསམ་འཆར་ཆེས་ཉུང་བའི་ས་ཁུལ་དག་ཀྱང་ ཡིན། ༼ལྟོས་ས་བལྟོས་འཇོག་གིས་མཚོ་ཤར་དང་ཟི་ལིང་གྲོང་ཁྱེར་ཀྱི་ཁོངས་གཏོགས་བོད་ རིགས་ཚོ་སྡེ་ཁག་དང༌། མཚོ་བྱང༌། ཡུལ་ཤུལ་སོགས་ས་ཁུལ་དུ་བསམ་འཆར་ཅུང་མང༌། ༽ རང་སྐྱོང་ཁུལ་དྲུག་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འཛིན་སྐྱོང་གཞུང་ཞབས་པ་ དང་སློབ་གསོའི་ལས་ཀ་བ་ཞིག་གི་ཆ་ནས། ང་ཚོས་སྐད་གཉིས་སློབ་གསོའི་སྣེ་ཁྲིད་འོག་སློབ་གྲྭའི་སློབ་གསོ་དེ་ཐིག་རྩ་ བཏབ་པ་ནས་ལམ་ལ་ཆས་པ་ཞིག་ཡིན་པས། དུས་དེ་རིང་ལ་ཐུག་པའི་བར་དུ་དགའ་འོས་པའི་གོམ་པ་གང་མདུན་དུ་སྤོས་པ་ལྟ་བུའི་ གྲུབ་འབྲས་བླངས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཉེ་བའི་ཆར། སློབ་གསོ་ཐེན་གྱིས་རྩ་འཛུགས་འོག་ཞིང་ཆེན་རིམ་པའི་སློབ་གསོའི་ཚོགས་འདུ་ བསྐོངས་ནས ༼༢༠༡༠་༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོའི་ བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད ༽ (གཤམ་དུ་༼མཚོ་སྔོན་རྩ་གནད༽ཅེས་བསྡུས་ཡོད།) ཞེས་པ་གཏན་ལ་ཕབ་ཡོད་པར་མ་ཟད་ཡིན་གཅིག་མིན་གཉིས་སྒོར་མོ་ཐེར་འབུམ་བདུན་དང་ དུང་ཕྱུར་དྲུག་འཚོལ་བསྡུ་ཡིས་འབྱུང་འགྱུར་གྱི་ལོ ༣རིང་གི་དུས་ཡུན་ནང་སློབ་གསོའི་འཕེལ་རྒྱས་ལས་དོན་ལ་ཤུགས་བསྣོན་རྒྱག་རྒྱུ་ དང༌། ལྷག་པར་དུ་སྐད་གཉིས་སློབ་གསོའི་ལས་དོན་ཐད་འཕེལ་རྒྱས་གསར་བ་ཞིག་སྙེག་རྒྱུར་ དམ་བཅའ་གཙང་འབུལ་བྱས་ཡོད་ཅིང༌། དེའི་ནང་སྐད་གཉིས་དགེ་རྒན་བསྐྱེད་བསྲིངས་དང༌། ས་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། བོད་ཁུལ་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་སོགས་འདུས་ཡོད་པས༌། ང་ཚོ་དགའ་བས་ཁེངས་ཡོད། ཡིན་ནའང༌། ༼མཚོ་སྔོན་རྩ་གནད ༽དེ་བོད་རྒྱ་སྐད་ཡིག་གི་གཙོ་ཕལ་དང༌། སློབ་ཁྲིད་སྐབས་སྐད་རིགས་གང་བཀོལ་རྒྱུའི་གཅིག་གྱུར་གྱི་བཅོས་བསྒྱུར་སོགས་ གནད་དོན་གལ་འགེངས་ཅན་སྐོར་ཞིག་དང་རག་ལས་ཡོད་པར་མ་ཟད། དེའི་ཁར་སློབ་གསོ་འཛིན་སྐྱོང་ལས་ཁུངས་དང་ས་གནས་ཁ་ཤས་ནས་བློ་ཐག་ཆོད་པོ་དང་ མྱུར་བ་མྱུར་མོར་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུར་བྲེལ་འཚུབ་ལངས་ཀྱིན་པས། ས་ཁུལ་ལ་ལའི་སློབ་མ་དང་ཁྱིམ་བདག་ཚོར་བློ་ཡིད་མི་བདེ་བའི་ཚོར་བ་ཞིག་རང་དབང་ མེད་པར་བསླངས་ཡོད། དེའི་དབང་གིས་ཟླ ༡༠བའི་ཚེས ༡༩ནས་བཟུང་རྨ་ལྷོ་ཁུལ། མཚོ་ལྷོ་ཁུལ། མགོ་ལོག་ཁུལ། མཚོ་བྱང་ཁུལ་སོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོ་སྲང་ལམ་དུ་བུད་ནས་ ཁྲོམ་སྐོར་དང༌། སློབ་གྲྭའི་ནང་དུ་མཉམ་འཛོམས་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་ངོ་རྒོལ་ བྱས་ཡོད་ལ། སློབ་གྲྭ་ཆུང་འབྲིང་ལས་བརྒལ་ཏེ་ས་གནས་གཞན་དག་ཏུ་མུ་མཐུད་ནས་ཇེ་ཆེ་དང་ཁྱབ་ ཀྱིན་པའི་རྣམ་པ་ཤར་ཡོད་པས་རྒྱལ་སྤྱི་དང་རྒྱལ་ནང་དུ་ཤུགས་རྐྱེན་ཧ་ཅང་ངན་པ་ བཞག་ཡོད།

ང་ཚོ་ནི་མཚོ་སྔོན་བོད་ཁུལ་དུ་ཆབ་སྲིད་འཛུགས་སྐྲུན། བཅོས་བསྒྱུར་དང་འཕེལ་རྒྱས་སོགས་ལོ་རྒྱུས་བདེན་དཔང་བྱེད་མི་དང༌། མིག་མཐོང་ལག་ཟིན་མཁན་དང་སྐུལ་འདེད་མཁན་དངོས་དེ་ཡིན་པས། གནད་འགག་གི་སྐབས་སུ་སླེབས་དུས་ང་ཚོས་དོ་ཁུར་ཆེན་པོས་སེམས་བརྣལ་དུ་ཕབ་ནས་ བསམ་གཞིགས་དང་བབ་བརླིང་གིས་བསམ་ཞིབ་བཏང་ནས། དགེ་མཚན་ཅན་དང་དྲང་ཕྱོགས་ཀྱིས་གནད་དོན་ཆེན་པོ་འདིའི་ཐད་ཀྱི་ལྟ་ཚུལ་དང་ལངས་ ཕྱོགས་མི་ཞུ་ཐབས་མེད་ཆགས་སོང༌། བོད་ཁུལ་བརྟན་བརླིང་ལ་སྲུང་སྐྱོབ་དང༌། མི་རིགས་ཀྱི་འབྲེལ་བ་འདྲ་མཉམ་དང༌། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་ངང་འཕེལ་རྒྱས་རྒྱུན་མཐུད་ཡོང་ཆེད་སྐྱིད་སྡུག་མཉམ་ཁུར་བྱ་རྒྱུ་ནི་ ང་ཚོའི་བཤོལ་དུ་མེད་པའི་འགན་འཁྲི་དེ་ཡིན།

བོད་རྒྱ་གཉིས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཁང༌། ཚགས་ཤོག་སོགས་སུ་ཞིང་ཆེན་སློབ་གསོ་ཐེན་གྱི་འགོ་འཛིན་ཝང་ཡེའུ་པོ་ཡི་དྲི་ལན་ གཅིག་ཀྱང་མ་ལུས་པར་བཀོད་ཡོད་པས། ང་ཚོས་སློབ་མ་ཚོའི་སེམས་ཁྲལ་དང་རེ་ཞུ་གང་ཡིན་རྒྱུས་ལོན་མཐར་ཐུག་པ་ཞིག་བྱེད་ ཐུབ་བྱུང༌། མཚོ་སྔོན་སློབ་གསོ་ཐེན་གྱིས ༼མཚོ་སྔོན་རྩ་གནད༽དུ་རྒྱའི་སྐད་ཡིག་གཙོ་བོ་དང་བོད་ཀྱི་སྐད་ཡིག་ཕལ་བར་བཞག་ སྟེ་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་བདམས་ཡོད་པར་མ་ཟད། ད་དུང་རྒྱའི་སྐད་ཡིག་དེ་སློབ་ན་མ་སོན་པའི་བུ་བཅོལ་ཁང་དུའང་བཀོད་སྒྲིག་བྱས་ འདུག་ལ། དེའི་ཁར་སློབ་མ་དང་ཁྱིམ་བདག་སོགས་འདུ་བའི་ཁེ་གྱོང་འཁུར་མཁན་ཚོགས་སྡེའི་ ལུགས་མཐུན་རེ་ཞུར་ཁ་ཡ་མི་བྱེད་པར་ཨུ་ཚུགས་ཀྱིས་ལག་ལེན་དུ་བསྟར་གྱིན་ཡོད་པ་ དང༌། ཝང་འགོ་འཛིན་གྱིས“མཐུན་པ་གསུམ”སྟེ་དབུས་གཞུང་གི་དགོངས་དོན་དང་མཐུན་པ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ། མང་ཚོགས་ཀྱི་གཞི་རྩའི་ཁེ་བཟང་འདོད་བློ་དང་མཐུན་པ་བཅས་བཏོན་ཡོད་མོད། འོན་ཀྱང་དབུས་གཞུང་གི་ཡིག་ཆ་ཁག་དང༌། ད་ལྟ་ལག་བསྟར་བྱེད་ཀྱིན་པའི་བཅའ་ཁྲིམས། སྒོས་སུ་ཞིང་ཕྱུགས་ལས་ཀྱི་སྐད་ཡིག་འཚོ་བའི་དངོས་ཡོད་གནས་སྟངས་ལ་གཞིགས་ཚེ། དེ་བས་ཀྱང་ང་ཚོའི་ལོ་མང་རིང་མི་རིགས་ས་ཁུལ་ཁག་ཏུ་བྱ་བ་བསྒྲུབ་པའི་ཉམས་མྱོང་ དང་ངེས་ཤེས་གཞི་རུ་བཞག་ཚེ། གོང་ཞུས“མཐུན་པ་གསུམ”ནི་མི་མཐུན་པ་གསུམ་ལས་མ་འདས་པས། ང་ཚོའི་ལྟ་ཚུལ་ནི་འདི་ལྟ་སྟེ།

དང་པོ། “དབུས་གཞུང་གི་དགོངས་པ་དང་མཐུན་པ”ཞེས་པར་དོན་དངོས་སུ་གཞི་འཛིན་ས་ཅི་ཡང་མེད་ པར་མ་ཟད་དབུས་གཞུང་གི་དགོས་འདུན་དང་འགལ་ཡོད། ༼༢༠༡༠་༢༠༢༠ལོའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་ དང་འཕེལ་རྒྱས་འཆར་འགོད་རྩ་གནད ༽གཤམ་དུ༼རྒྱལ་ཁབ་རྩ་གནད༽ཅེས་བསྡུས་ཡོད། གཏན་འབེབས་བྱེད་སྐབས་ཡང་དང་བསྐྱར་དུ་ཡོངས་ཁྱབ་ངང་གཞི་རིམ་གྱི་བསམ་ཚུལ་ བསྡུ་ལེན་བྱས་ཡོད་པས། དེ་ལ་མི་དམངས་ཀྱི་འདོད་བློ་འདུས་ཡོད་སྟབས། མི་དམངས་ཀྱི་འདོད་བློ་དང་བསྟུན་པའི་ཁྲིམས་མཐུན་ལུགས་མཐུན་ཞིག་རེད་ཅེས་སྨྲ་ ཆོག་པར་སེམས། དེའི་ནང་གི་ལེའུ་དགུ་བའི༼མི་རིགས་སློབ་གསོ ༽ཚན་པའི་ནང“ནུས་ཤུགས་ཆེན་པོས་སྐད་གཉིས་སློབ་ཁྲིད་ལ་སྐུལ་འདེད་བྱེད་ དགོས”ཚུལ་ནན་གྱིས་བརྗོད་ནས“ཕྱོགས་ཡོངས་ནས་རྒྱའི་སྐད་ཡིག་གི་སློབ་ཚན་འཛུགས་ རྒྱུ་དང༌། སྒོ་ཀུན་ནས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དར་སྤེལ་གཏོང་ རྒྱུ། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་ སྤྲོད་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་དགོས”ཞེས་བཀོད་ཡོད་པས། འདི་ལས་གསལ་བོར་ཤེས་ཐུབ་པ་ནི་འདི་ནི་རྒྱའི་སྐད་ཡིག་དེ་གྲངས་ཉུང་མི་རིགས་ས་ ཁུལ་དུ (ལྷག་པར་དུ་བོད་ཁུལ་དུ།) སྐད་རིགས་གཉིས་པའི་སར་བཞག་པའི་སྐད་ཡིག་འཚོ་བའི་དངོས་ཡོད་གནས་སྟངས་ལ་གཞིགས་ ནས་གཏན་འཁེལ་བྱས་པ་ཞིག་རེད།

རྒྱ་རིགས་ལ་མི་འབོར་མང་ལ་རྒྱ་སྐད་བཀོལ་སྤྱོད་ཆེ། རྒྱ་སྐད་ཀྱི་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་ཀྱི་ཤུགས་རྐྱེན་ཡང་ཉིན་རེ་བཞིན་ཇེ་ རྒྱས་སུ་འགྲོ་བཞིན་ཡོད། བོད་རིགས་ལས་བྱེད་པ་དང་མང་ཚོགས་ཀྱིས་དབྱིན་ཇི་ཡག་པོ་ཞིག་སློབ་འདོད་ཡོད་པ་ ཇི་བཞིན་དུ་རྒྱ་ཡིག་ཀྱང་མ་བསྐུལ་དང་ལེན་ངང་སློབ་ཀྱིན་ཡོད། རྒྱའི་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུར་མ་གཞི་ནས་དོགས་པ་ཟོས་མྱོང་མེད་ལ་ འགོག་རྒོལ་རིགས་དེ་བས་ཀྱང་བྱས་མྱོང་མེད། དེ་བཞིན་དུ“གོང་འཁོད་དོན་ཚན”གྱི་གཏན་འཁེལ་ཟིན་པ་རྣམས་ས་གནས་སོ་སོར་དང་ལེན་ དང་ཁྱབ་སྤེལ་གཏོང་མུས་སུ་ཡིན་པར་ང་ཚོར་ཡིད་ཆེས་ཡོད། དེ་དང་འགྲོས་མཉམ་གྱིས“རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་སྤྲོད་ དགོས”ཞེས་བཀོད་ནས་དེ་ནི་བཅའ་ཁྲིམས་ནང་ཐག་བཅད་པའི་ཐོབ་ཐང་ཞིག་ཡིན་པས་དེར་ བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་པའི་དགོས་འདུན་ཡང་བཏོན་འདུག དེ་ལས་ཤེས་ཐུབ་པ་ནི་རྩིས་རིག དངོས་ལུགས། རྫས་འགྱུར། ཆབ་སྲིད། ས་རྒྱུས། བསམ་བློ་ཀུན་སྤྱོད། བརྡ་འཕྲིན་ལག་རྩལ་སོགས་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་རིགས་མ་ཡིན་པའི་སློབ་ ཚན་རྣམས་ངེས་པར་དུ་རྒྱ་སྐད་སློབ་ཁྲིད་ཀྱི་སྐད་ཡིག་བྱེད་དགོས་པའི“དགོས་ འདུན”བཏོན་མེད་པའང་གསལ་བོ་གསལ་རྐྱང་རེད།

སྲིད་གཞུང་ལ་མི་རིགས་ཀྱི་སྐད་ཡིག་དེ་སློབ་གསོའི་སྐད་ཡིག་དང་ཡང་ན་སློབ་ གསོའི་གཞོགས་སྣོན་སྐད་ཡིག་བྱ་རྒྱུར་བརྩི་བཀུར་དང་ཁག་ཐེག་ཡོང་རྒྱུའི་འོས་ འགན་ཡོད། ཡིན་ན་ཡང༌། ཝང་ཡེའུ་པོ་ཡིས་བཤད་སྲོལ་ལྟར་ན་དམིགས་ཡུལ་བཅངས་ས་ནི“རྒྱལ་ཁབ་ཀྱི་ཐུན་མོང་ དུ་སྤྱོད་པའི་སྐད་དང་ཡི་གེས་སློབ་གསོ་སྤྲོད་རྒྱུ་དཀྱིལ་སྙིང་དུ་འཛིན་རྒྱུ་ དང་ཆབས་ཅིག་མི་རིགས་ཀྱི་སྐད་ཡིག་ཀྱང་རང་རྐྱ་ཐོན་པར་བྱས་ནས་རྒྱལ་ཁབ་གྱི་ཐུན་ མོང་དུ་སྤྱོད་པའི་སྐད་དང་ཡི་གེ་རྒྱ་སྐད་སློབ་ཁྲིད་ཀྱི་སྐད་ཡིག་བྱེད་རྒྱུ་ རྒྱུན་འཁྱོངས་བྱེད་དགོས་པ”ཞེས་ཡོངས་གྲགས་ཀྱིས་དུས་ཚོད་གཏན་འཁེལ་བྱས་ཏེ“༢༠༡༥ ལོར། སློབ་ཆུང་དུ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་གཙོ་བོ་དང༌། མི་རིགས་རང་གི་སྐད་དང་ཡི་གེ་ཕལ་བར་བྱས་པའི‘སྐད་གཉིས’སློབ་ཁྲིད་མངོན་དུ་ འགྱུར་དགོས”ཞེས་བརྗོད་ཡོད། བཤད་སྟངས་འདིས་རྒྱའི་སྐད་ཡིག་གི་སློབ་ཚན་གསར་འཛུགས་བྱ་རྒྱུའི་སྐད་ཡིག་སློབ་ ཚན་གྱི་སློབ་ཁྲིད་འཛུགས་རྒྱུའི་སྲིད་བྱུས་གཡོལ་ཐབས་བྱས་ཡོད་པར་མ་ཟད། མཚན་ཉིད་ལྐོག་བརྗེའི་ཐབས་ལམ་བརྒྱུད་ནས ༼རྒྱལ་ཁབ་རྩ་འཛིན༽ནང་གཏན་འཁེལ་བྱས་པའི“མི་རིགས་སྐད་ཡིག་གིས་སློབ་གསོ་སྤྲོད་ རྒྱུའི་ཐོབ་ཐང”ལ་གཡོ་བཅོས་བྱས་ཡོད།

གཉིས་པ། “རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ”ཟེར་བ་དེའང་དོན་དངོས་སུ་མགོ་བཅད་ཀྱང་ མཇུག་གཏུབས་ཀྱིས་ལུང་ཚིག་ལོག་འདྲེན་བྱས་ཡོད་པས་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ དང་ཡོངས་སུ་རྒྱབ་འགལ་རེད།

ཞིང་ཆེན་སློ་གསོ་ཐེན་དང་ཝང་ཡེའུ་པོ་ཡིས་མི་རིགས་མང་བོའི་རྒྱལ་ཁབ་དང་ཞིང་ ཆེན་གྱི་གནས་སྟངས་དང་དངོས་ཡོད་ལ་བསམ་བློ་ཡེ་ནས་མི་གཏོང་བར་འཛེམ་བག་སྤུ་ཙམ་ ཡང་མེད་པར་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་གྲྭའི་སློབ་གསོའི་ཁྱབ་ ཁོངས་ཀྱི་སློབ་སྦྱོང་རང་དབང༌། བཀོལ་སྤྱོད་རང་དབང་དང་འཕེལ་རྒྱས་རང་དབང་ལ་ཚད་བཀག་བྱས་པ་དེ་ནི ༼རྩ་ཁྲིམས༽དང༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་ སྐྱོང་བཅའ་ཁྲིམས ༽(གཤམདུ༼རང་སྐྱོང་བཅའ་ཁྲིམས་༽ ཞེས་བསྡུས་ཡོད།) ༼སློབ་གསོ་བཅའ་ཁྲིམས༽དང༼རྒྱལ་ཁབ་ཐུན་མོང་དུ་བཀོལ་སྤྱོད་ཀྱི་སྐད་དང་ཡི་གེའི་ བཅའ་ཁྲིམས ༽(གཤམ་དུ༼སྐད་ཡིག་བཅའ་ཁྲིམས ༽ཞེས་བསྡུས་ཡོད།)སོགས་དང་ཡོངས་སུ་འགལ་ཡོད་ལ། ཝང་ཡེའུ་པོ་ཡིས་བཅའ་ཁྲིམས་དེ་དག་ནང་གི་རང་ཉིད་ཀྱི་བྱས་ཉེས་དག་འབུད་དང་ཡང་ན་ རང་ཁུངས་རང་སྐྱེལ་ལ་མཁོ་བའི་དོན་ཚན་རིགས་བཅད་ལེན་དང་མགོ་བཅད་མཇུག་གཏུབས་ ཀྱིས་ལུང་ཚིག་ལོག་འདྲེན་བྱས་ཏེ་བེད་སྤྱོད་ལོག་པར་བཏང་བ་དེ་ནི་རྒྱལ་ཁབ་ཀྱི་ ཁྲིམས་ལུགས་ལ“ལོག་འགྲེལ”དང“ཁྱད་གསོད”“ལྟོས་མེད་རྡོག་རོལ”བཏང་བ་མ་ཡིན་ནམ། ཁོང་གི་བྱ་བ་སྤྱོད་པ་དེ་དག་གང་འདོད་ལྟར་འདྲེན་བཀོལ་དང་ལོག་འགྲེལ་གྱིས་གཡོ་ བཅོས་བྱས་པས་མཚོན་ཐུབ་ཡོད།

ཐོག་མར། མི་རིགས་ཀྱི་སྐད་ཡིག་དེ་སློབ་གསོའི་སློབ་ཁྲིད་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་ བྱ་རྒྱུར་ཚད་བཀག་བྱ་རྒྱུའི་ཐད་ཝང་ཡེའུ་པོ་ཡིས་བཤད་སྟངས་དེར་ཁོ་བོས་ལུང་ འདྲེན་བྱས་པའི་ཁྲིམས་གཞུང་དེ་དག་གིས་རྒྱབ་གནོན་བྱེད་ཐུབ་མི་འདུགྭ ༼རྩ་ཁྲིམས༽ཀྱི་ལེའུ་བཞི་བའི་ཚན་པ་བཞི་བའི་ནང༌། “མི་རིགས་ཚང་མར་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུའི་ རང་དབང་ཡོད།”༼ སྐད་ཡིག་བཅའ་ཁྲིམས༽ཀྱི་ལེའུ་བརྒྱད་པར་ཡིག་འབྲི་གཅིག་ཀྱང་མ་འཆད་པར“མི་རིགས་ ཚང་མར་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུའི་རང་དབང་ ཡོད”ཞེས་བཀོད་ཡོད་པ་དང༌། (ད་དུང་ཚིག་རྐང་གཅིག་ཁར་སྣོན་བྱས་ཡོད་པ་ནི“གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་ གེའི་བཀོལ་སྤྱོད་དེ་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། དེ་མིན་པའི་བཅའ་ཁྲིམས་གཞན་དག་གི་ཆོད་དོན་གཞི་རུ་འཛིན་དགོས”ཞེས་བཀོད་ཡོད་པར་ གཞིགས་ན། ( སྲིད་ཇུས་སོགས། བསྒྱུར་མཆན) ཞིབ་ཕྲའི་ལག་ལེན་ཁྲོད་མི་རིགས་རང་སྐྱོང་བཅའ་ཁྲིམས་ལ་གཞི་བཅོལ་དགོས་པ་གསལ་ སྟོན་གནང་ཡོད། ) ༼རང་སྐྱོང་བཅའ་ཁྲིམས༽ཀྱི་ལེའུ་བཅུ་བར“མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ སྒྲིག་གཞིས་རང་གི་ས་ཁུལ་གྱི་མི་རིགས་སོ་སོའི་རང་གི་སྐད་དང་ཡི་གེ་བཀོལ་ སྤྱོད་དང་འཕེལ་རྒྱས་གཏོང་རྒྱུའི་རང་དབང་ལ་སྲུང་སྐྱོང་བྱ་དགོས”ཞེས་བཀོད་ཡོད་ པ་ལྟ་བུའོ། དེ་མིན། ཡང་ཝང་ཡེའུ་པོ་ཡིས་སློབ་གྲྭའི་སློབ་ཁྲིད་ཀྱི་སྐད་ཡིག་གིས་ངེས་པར་དུ་རྒྱལ་ ཁབ་གཅིག་གྱུར་མཚོན་དགོས་ལ་དེ་ཡང་རྒྱ་སྐད་སྟེང་གཅིག་གྱུར་བྱ་དགོས་པའི་བཤད་ སྲོལ་དེ་བཅའ་ཁྲིམས་བྱེ་བྲག་པ་དང་འགལ་ཟླ་ཡིན། ༼རང་སྐྱོང་བཅའ་ཁྲིམས༽ཀྱི་ལེའུ་སོ་བདུན་པའི་ཚན་པ་གསུམ་པར“མི་རིགས་སློབ་མ་ བསྡུ་ལེན་བྱེད་ཀྱིན་པའི་སློབ་གྲྭ (འཛིན་གྲྭ) དང་སློབ་གསོའི་ལས་ཁུངས་ཀྱི་ནང་ཆ་རྐྱེན་ཅུང་འཛོམས་པ་དག་གིས་གྲངས་ཉུང་མི་ རིགས་ཀྱི་སྐད་ཡིག་གི་བསླབ་དེབ་བཀོལ་སྤྱོད་བྱེད་དགོས་ལ་གྲངས་ཉུང་མི་རིགས་ ཀྱི་སྐད་ཀྱིས་སློབ་ཁྲིད་བྱེད་དགོས།”ཆོད་དོན་འདིའི་ནང་འདི་ལྟར་གསལ་བོ་གསལ་ རྐྱང་བཏོན་ཡོད་པས་དེ་ལ་གསལ་བཤད་འཕར་མ་ཞིག་དགོས་དོན་མེད། ༼སློབ་གསོའི་བཅའ་ཁྲིམས༽ཀྱི་ལེའུ་ཉི་ཤུ་བའི་ནང་འདི་ལྟར་གཏན་འབེབས་བྱས་ཡོད། “གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་ཁག་དང་གཞན་སློབ་ གསོའི་ལས་ཁུངས་ཀྱིས་རང་མི་རིགས་དང་ཡང་ན་ས་ཁུལ་དེ་གར་ཐུན་མོང་དུ་བཀོལ་སྤྱོད་ བྱེད་ཀྱིན་པའི་སྐད་དང་ཡི་གེས་སློབ་ཁྲིད་བྱས་ཆོག” གོང་ཞུས་བཅའ་ཁྲིམས་འདི་གཉིས་ཀ་སློབ་གསོ་ཐེན་གྱི་འགོ་འཛིན་ཡིན་པའི་ཝང་ཡེའུ་ པོས་ཤེས་ཀྱི་མེད་དམ། ༼སྐད་ཡིག་བཅའ་ཁྲིམས༽ནང་དུ་ཁྲིམས་ལུགས་ཀྱི་དོན་ཚན་འདི་གཉིས་བཟོ་བཅོས་བྱས་པ་ ཡིན་ནམ། འོན་ཀྱང་ང་ཚོའི་ཤེས་རྟོགས་ལྟར་ན་ད་དུང་བཟོ་བཅོས་རྒྱབ་མི་འདུག དེ་མིན་ཡང་ལེའུ་བཅུ་བའི་ནང་དུ“སློབ་གྲྭ་དང་སློབ་གསོའི་ལས་ཁུངས་དག་གིས་སྤྱི་ སྐད་དང་ཚད་ལྡན་རྒྱ་ཡིག་རྨང་གཞིའི་སློབ་གསོའི་སློབ་ཁྲིད་ཀྱི་སྐད་དང་རྒྱུ་ཆ་ རུ་བཀོལ་དགོས། ཁྲིམས་ལུགས་སུ་གཏན་འབེབས་གཞན་ཡོད་པ་དག་མི་འདུ།”ཞེས་བཀོད་ཡོད། ཝང་ཡེའུ་པོ་ཡིས་བསམ་ངན་ཞེ་བཅངས་ཀྱིས་གོང་འཁོད་དོན་ཚན་གཉིས་པ་ཁོ་ན་ལས་དོན་ ཚན་ཕྱི་མར་གཡོལ་ཐབས་བྱས་ཡོད། ༼རང་སྐྱོང་བཅའ་ཁྲིམས༽དང༼སློབ་གསོ་བཅའ་ཁྲིམས ༽ཀྱི་གཏན་འབེབས་ནི་བཅའ་ཁྲིམས་ཁྲོད་ཀྱི“གཏན་འབེབས་གཞན་ཡོད་པ”དེ་ཡིན་པས ༼སྐད་ཡིག་བཅའ་ཁྲིམས༽“ཕུད་པའི”བཅའ་ཁྲིམས་གཞན་ལ་ངོས་འཛིན་བྱ་རུང༌བར་འདོད། འདི་རུ་གསལ་བོ་ཞིག་ནི་མགོ་བཅད་མཇུག་གཏུབས་ཀྱིས་ལུང་ཚིག་ལོག་འདྲེན་བྱས་ནས་ རང་ཉིད་ཀྱི་དགོས་མཁོ་ཁོ་ནར་དམིགས་པའི་གཡོ་ཐབས་བཀོལ་ཡོད་པས་འོས་འགན་བདའ་ འདེད་བྱ་དགོས་ལ་རང་སྐྱོན་ངོས་ལེན་དང་ཡོ་བསྲང་ཡང་བྱེད་དགོས།

དེ་ལས་གཞན་ད་དུང་ཡང༌། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ ཁྲིམས་དེ་ལག་ལེན་དུ་བསྟར་གྱིན་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད་ཕྱིན་འཛིན་སྐྱོང་ ལས་ཁུངས་གཅིག་གིས་གང་བྱུང་དུ་རང་སྐྱོང་ས་ཁུལ་ནང་གི་སློབ་གྲྭའི་སྒྲིག་བཀོད་ དང་སློབ་ཁྲིད་སྐད་ཡིག་སོགས་བསྒྱུར་བཅོས་བཏང་བ་དེ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ བཅའ་ཁྲིམས་ལ་བསམ་ངན་ཞེ་རུ་བཅངས་ནས་རྡོག་རོལ་འགྲན་སློང་དང༌། དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དབང་གྲགས་ལ་མཐོང་ཆུང་བྱས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས ༼རང་སྐྱོང་བཅའ་ཁྲིམས༽ལ་བཟོ་བཅོས་བྱས་ན་མ་གཏོགས། འཛིན་སྐྱོང་ལས་ཁུངས་བྱེ་བྲག་པ་ཞིག་དང༌། ལྷག་པར་དུ་ཞིང་ཆེན་རིམ་པའི་འཛིན་སྐྱོང་ལས་ཁུངས་ཤིག་ལ་བཅའ་ཁྲིམས་ཀྱི་གཞི་ རྩའི་གཏན་འབེབས་ལས་བརྒལ་ནས་གང་བྱུང་རང་འདོད་ཀྱིས་ཁྲིམས་འགལ་ངང་ཐག་གཅོད་ བྱེད་རྒྱུའི་དབང་ཆ་དེ་བས་ཀྱང་མེད། ༼རང་སྐྱོང་བཅའ་ཁྲིམས༽ནི་རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་ རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་དུ་བསྟར་བྱའི་གཞི་རྩའི་བཅའ་ཁྲིམས་ དེ་ཡིན་པ་དང༌། དེའི་ལེའུ་སོ་དྲུག་པར་ཁག་ཐེག་བྱས་ཡོད་པ་ནི“མི་རིགས་རང་སྐྱོང་ས་ཁུལ་གྱི་རང་ སྐྱོང་ལས་ཁུངས་དག་གིས་རྒྱལ་ཁབ་གྱི་སློབ་གསོའི་སྲིད་ཇུས་གཞི་རུ་བཟུང་ནས། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། རང་གི་ས་ཁུལ་གྱི་སློབ་གསོའི་འཆར་འགོད། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སྒྲིག་བཀོད། སློབ་གྲྭའི་སྒྲིགས་ལམ། སློབ་གྲྭ་འཛུགས་སྐྱོང་གི་རྣམ་པ། སློབ་ཁྲིད་ལས་དོན། སློབ་ཁྲིད་སྐད་ཡིག་དང་བསྡུ་ལེན་ཐབས་ཤེས་སོགས་གཏན་འཁེལ་བྱ་དགོས”ཞེས་འཁོད་ ཡོད། ༼མཚོ་སྔོན་རྩ་གནད༽ ནང་གི“སློབ་ཁྲིད་སྐད་ཡིག”“གྲངས་ཉུང་མི་རིགས་དང་རྒྱ་རིགས་མཉམ་བསྲེས”སོགས་ སློབ་གྲྭའི་སྒྲིག་བཀོད། སློབ་གྲྭ་འཛུགས་སྐྱོང་གི་རྣམ་པ། སློབ་ཁྲིད་ལས་དོན་དང་སློབ་ཁྲིད་སྐད་ཡིག་སོགས་ནི་དོན་དངོས་སུ་བཅའ་ཁྲིམས་སུ་ མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ལ་དབང་བའི་སློབ་གསོའི་ཐོབ་ དབང་ཡིན་པ་གཏན་འབེབས་གསལ་བོ་བྱས་ཡོད།

བོད་རིགས་རང་སྐྱོང་ཁུལ་དྲུག་གི་རང་སྐྱོང་ལས་ཁུངས་དག་གི་གཏན་འབེབས་དང་ བསྒྱུར་བཅོས་ཅི་ཡང་མ་བཏང་བའི་སྔོན་དུ་ཞིང་ཆེན་རིམ་པའི་སློབ་གསོ་ལས་ཁུངས་ ཀྱིས་གང་བྱུང་དུ་འདི་ལྟ་བུའི་ཐག་གཅོད་གཏན་འབེབས་བྱས་པ་དང༌། ད་དུང་འགན་ནུས་སྒྲུབ་མཁན་གྱི་ལས་ཁུངས་ཤིག་ཡིན་པའི་ཆ་ནས་ཡོངས་ཁྱབ་ངང་ཁྱབ་ བསྒྲགས་བྱས་ཏེ་ང་བདེན་ང་ཡུས་ཀྱིས་བཙན་འགེལ་བྱེད་སྟངས་འདི་ནི་ཏང་དང་རྒྱལ་ཁབ་ གྱི་ད་ཡོད་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་དང་ཡོངས་སུ་འགལ་ཡོད་པའི་ཁར། མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་འགལ་ཡོད་ལ། སྲིད་ཇུས་ཀྱི་དབང་གྲགས་དང༌། གཟབ་ནན་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་གཏོར་བརླག་ཀྱང་བཏང་ཡོད། དེ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་བཅའ་ཁྲིམས། སྲིད་ཇུས་བཅས་ཀྱི་སྙན་གྲགས་དང་ཡིད་ཆེས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད།

དེ་མིན་ད་དུང༌། རྒྱ་སྐད་ཀྱི་སློབ་ཚན་དག་སློབ་ན་མ་སོན་པའི་བུ་བཅོལ་ཁང་དུ་འཛུགས་རྒྱུ་དང༌། སྒོ་ཀུན་ཏུ་སློབ་ན་མ་སོན་གོང་གི་སློབ་གསོ་སྤེལ་སྐབས་སྐད་གཉིས་སློབ་གསོའི་ ལས་དོན་ཐད་སྔར་ལས་ལྷག་པའི་ཤེད་ཤུགས་སྣོན་དགོས་ལ། དེ་ནི་དུས་བསྟུན་མཉམ་བསྐྱོད་དང༌། མི་རིགས་ཀྱི་མི་རབས་ཕྱི་མ་བསྒྱུར་བཀོད་གྱི“དུས་རབས་ཀྱི་གསར་བཏོད”དང“ཚད་ བརྒལ་ཆེན་པོ”ཡིན་ཞེས་འུར་གྱིས་བརྗོད་འདུག སྤྱིར༼རྒྱལ་ཁབ་རྩ་གནད༽དང༼མཚོ་སྔོན་རྩ་གནད༽ གཉིས་ཀའི་ནང་སློབ་ན་མ་སོན་པའི་གོང་གི་སློབ་གསོའི་སྐབས་བོད་རྒྱ་སྐད་གཉིས་ ཁྱབ་གདལ་དུ་གཏོང་དགོས་པའི་བསམ་ཚུལ་དང་འཆར་གཞི་བཀོད་ཡོད་མོད། འོན་ཀྱང༌། ང་ཚོས་མཐོང་བ་ནི། ༼རང་སྐྱོང་བཅའ་ཁྲིམས ༽ཀྱི་ལེའུ་སོ་བདུན་པའི་ཚན་པ་གསུམ་པར“གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་ལེན་ བྱེད་པའི་སློབ་གྲྭ (འཛིན་གྲྭ) དང་སློབ་གསོའི་ལས་ཁུངས”དག་གིས“སོ་སོའི་གནས་སྟངས་ལྟར་སློབ་ཆུང་གི་འཛིན་གྲྭ་ དམའ་རིམ་དང་ཡང་ན་འཛིན་གྲྭ་མཐོ་རིམ་ནས་བཟུང་རྒྱའི་སྐད་དང་ཡི་གེའི་སློབ་ཚན་ བཙུགས་ནས་རྒྱལ་ཁབ་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་སྤྱི་སྐད་དང་ཚད་ལྡན་ རྒྱ་ཡིག་ཁྱབ་གདལ་དུ་གཏོང་དགོས”ཞེས་བཀོད་ཡོད། སྐད་ཡིག་སློབ་སྦྱོང་གི་དུས་སྐབས་སློབ་ཆུང་གི་འཛིན་རིམ་དམའ་མོ་དང་ཡང་ན་འཛིན་ རིམ་མཐོན་པོར་གཏན་འཁེལ་བྱས་པ་དེ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྐྱེ་ ལུགས་དང་མཐུན་ཞིང༌། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་ཀྱིན་པའི་སྐད་ཁྱབ་གདལ་དུ་གཏོང་རྒྱུའི་སྲིད་ ཇུས་དང་ཡང་མཐུན་ལ། མི་རིགས་རང་གི་སྐད་ཡིག་ཕ་སྐད་བྱེད་ཀྱིན་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་ སྐད་ཀྱི་བསམ་གཞིགས་དང་ཤེས་པ་སོགས་འཚར་ལོངས་ཡོང་བའི་ཕྱི་རོལ་ཡུལ་གྱི་ཆོས་ ཉིད་དང་ཡོངས་སུ་མཐུན་ཞིང༌། དེ་ནི་མི་རིགས་སྣ་ཚོགས་ཀྱིས་གྲུབ་པའི་རྒྱལ་ཁབ་ཀྱི་སྐད་ཡིག་སྣ་ཚོགས་ཅན་རྨང་ གཞིར་བཞག་ནས་མ་འོངས་པའི་རྒྱལ་ཁབ་གཅིག་གྱུར་ལ་དམིགས་ནས་འཆར་བཀོད་བྱས་པ་ཞིག་ རེད།

བོད་ལྗོངས ༣་༡༤དང་ཞིན་ཅང་༧་༥དོན་རྐྱེན་བྱུང་རྗེས། གང་བྱུང་དུ་རྒྱ་སྐད་ཀྱི་“སློབ་གསོས་བློ་འགུག”གི་ནུས་ཤུགས་དང་བཀོལ་སྤྱོད་ ཀྱི་གཞི་རྒྱ་འདི་ལྟར་ཇེ་ཆེར་བཏང་བ་ནི། ཝང་ཡེའུ་པོ་སོགས་སྐུ་ཞབས་རྣམ་པས་མི་རིགས་ཆེན་པོའི་སྒེར་སེམས་འདོད་བློ་དེ་ སྔོན་འགྲོའི་ཆ་རྐྱེན་དུ་བཞག་ཡོད་པར་གོ་བ་མི་ལེན་རང་ལེན་རེད།

གསུམ་པ། ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ གྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱས་པ་དེ་ནི་ཤེས་རྨོངས་དང༌། བསྙོན་འཛུགས་ལས་ད་དུང་རྒྱ་ནག་ནི་མི་རིགས་མང་བོ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ ཡིན་པའི་གཞི་རྩིའི་ཁྱད་ཆོས་དང་མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་ལམ་ ལུགས་ལ་མཐོང་ཆུང་བྱས་པའི་མཚོན་རྟགས་ཡིན།

སློབ་ཁྲིད་ཀྱི་སྐད་ཡིག་ཏུ་རྒྱ་སྐད་ གཅིག་པུ་འདེམས་སྒྲུག་བྱེད་དོན་ཀྱི་དགོས་ངེས་ཐད་ཝང་ཡེའུ་པོ་ཡིས། སྤྱི་སྐད་དང་ཚད་ལྡན་ཡི་གེར་གཏན་འབེབས་བྱས་པའི་རྒྱའི་སྐད་དང་ཡི་གེ་ནི་རྒྱལ་ ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཁོ་ན་དེ་ཡིན་པས་དེར་གཞི་བཅོལ་ཞེས་འགྲེལ་བརྗོད་ བྱས་འདུག བཤད་སྲོལ་འདི་ལ་གནས་ལུགས་རྒྱུ་མཚན་ཡེ་ནས་མེད་ལ། དེ་ཡིས་གཞུང་འབྲེལ་སྐད་ཡིག་དང་རྒྱལ་ཁབ་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ ཞེས་པའི་དབྱེ་མཚམས་མཉམ་བསྲེས་བྱས་ཡོད་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་སྐད་ཡིག་བཅའ་ཁྲིམས་དང་ཡང་ཡོངས་སུ་ འགལ་ཡོད། ༼སྐད་ཡིག་བཅའ་ཁྲིམས༽ནང་དོན་ལ་རྒྱ་སྐད་ནང་གི་ཡུལ་སྐད་དང་སྲོལ་རྒྱུན་གྱི་ འབྲི་སྲོལ་སོགས་སུ་འོས་འཚམས་ཡིན་སར་སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་ཐུན་མོང་དུ་ སྤྱོད་པའི་ཚད་གཞི་རུ་འདེམས་སྒྲུག་བྱ་དགོས་ཞེས་པ་ལས་གྲངས་ཉུང་མི་རིགས་བར་ གྱི་འབྲེལ་བ་མ་གཞི་ནས་གླེང་མེད (ལེའུ་བརྒྱད་པའི“ནང་རིགས་སོ་སོའི་མི་དམངས་ལ་རང་གི་སྐད་དང་ཡི་གེ་འཕེལ་རྒྱས་ སུ་གཏོང་རྒྱུའི་རང་དབང་ཡོད་ཅེས་འཁོད་ཡོད།”) ༼རང་སྐྱོང་བཅའ་ཁྲིམས༽ཀྱི་ལེའུ་ཉེར་གཅིག་པར“མི་རིགས་རང་སྐྱོང་ས་ཁུལ་གྱི་རང་ སྐྱོང་ལས་ཁུངས་ཀྱིས་ལས་འགན་ལག་བསྟར་བྱེད་སྐབས་རང་མི་རིགས་ཀྱི་རང་སྐྱོང་ས་ ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་བཀོལ་ སྤྱོད་བྱེད་ཀྱིན་པའི་སྐད་དང་ཡི་གེ་གཅིག་དང་ཡང་ན་དུ་མ་བཀོལ་སྤྱོད་བྱས་ཆོག་ལ། སྐད་དང་ཡི་གེ་དུ་མ་མཉམ་དུ་བཀོལ་སྤྱོད་ཀྱིས་ལས་འགན་ལག་ལེན་དུ་བསྟར་མཁན་ཚོར་ མི་རིགས་ས་ཁོངས་རང་སྐྱོང་གི་མི་རིགས་ཀྱི་སྐད་དང་ཡི་གེ་གཙོ བོར་འདེམས་སྒྲུག་གིས་ལག་བསྟར་བྱས་ཆོག་ཅེས་བཀོད་ཡོད།” རྒྱལ་ཁབ་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་དང་ཡི་གེ་དང་གཞུང་འབྲེལ་ གྱི་སྐད་ཡིག་གཉིས་མཉམ་བསྲེས་བྱས་པའི་བྱ་སྤྱོད་དེ་སློབ་གསོ་འཛིན་སྐྱོང་ལས་ ཁུངས་ཤིག་དང༌། སྒོས་སུ་མཚོ་སྔོན་ལྟ་བུའི་མི་རིགས་སྣ་འཛོམས་ཀྱི་ས་ཁུལ་ཞིག་ཏུ་གཏན་ནས་བྱུང་ མི་རུང་བའི་དོན་དག་ཅིག་རེད།

གཞུང་འབྲེལ་གྱི་སྐད་ཡིག་དེ་རྒྱལ་ཁབ་ཀྱི་མི་སེར་དང་སྲིད་གཞུང་གི་ལས་ཁུངས་ཁག་ གིས་བརྡ་འཕྲིན་སྐྱེལ་སྤེལ་སྐབས་བཀོལ་སྤྱོད་ཀྱི་སྐད་ཡིག་དེ་ཡིན་ལ། རྒྱལ་ཁབ་ལ་ལར་སྐད་ཡིག་གཅིག་ལས་མེད། ཡང་རྒྱལ་ཁབ་ལ་ལར་འགའ་རེ་ཡོད། དཔེར་ན་རྒྱ་གར་ལྟ་བུའོ། ཡིན་ན་ཡང་མི་རིགས་སྣ་འཛོམས་ཀྱི་རྒྱ་ནག་རྒྱལ་ཁབ་ལ་མཚོན་ན། རྒྱལ་ཁབ་གཅིག་གྱུར་རིམ་པའི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཡོད་དགོས་ མོད། འོན་ཀྱང་དེ་ནི་གཞུང་འབྲེལ་གྱི་སྐད་ཡིག་ཁོ་ན་དེ་ཡིན་པའི་མ་ཁྱབ། ༼རང་སྐྱོང་བཅའ་ཁྲིམས༽དུ་ཁ་གསལ་གྱིས་གཏན་འབེབས་བྱས་ཡོད་པ་ནི་རང་སྐྱོང་ས་ཁུལ་ སོ་སོར་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་གྲངས་ཉུ་མི་རིགས་ཀྱི་སྐད་ཡིག་ ནི་ས་གནས་སྲིད་གཞུང་ལས་ཁུངས་དག་གི་ཐོག་མར་འདེམས་སྒྲུག་དང་ཡང་ན་བཀོལ་སྤྱོད་ བྱ་དགོས་པའི་རང་སྐྱོང་ས་ཁུལ་རང་གི་གཞུང་འབྲེལ་གྱི་སྐད་ཡིག་ཡིན། དེའི་ཕྱིར། རྒྱ་ནག་ནང་མི་རིགས་རང་སྐྱོང་ས་ཁུལ་ལས་གཞན་གཞུང་འབྲེལ་གྱི་སྐད་ཡིག་གཅིག་ལས་ མེད། མི་རིགས་རང་སྐྱོང་ས་ཁུལ་ཁག་ཏུ་མི་རིགས་རང་གི་སྐད་དང་ཡི་གེ་དང་རྒྱལ་ཁབ་ཀྱི་ ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་དང་ཡི་གེ་གཉིས་དུས་མཉམ་དུ་རང་ སྐྱོང་ས་ཁུལ་གྱི་གཞུང་འབྲེལ་སྐད་ཡིག་བྱ་དགོས་ཞེས་འཁོད་འདུག འཛམ་གླིང་རྒྱལ་ཁབ་ཁག་ལ་ལྟོས་དང༌། མི་རིགས་རྒྱལ་ཁབ་དང་རུ་ཡོང་རྒྱལ་ཁབ་ཕུད་པའི་མི་རིགས་སྣ་མང་རྒྱལ་ཁབ་ཀྱི་ གཞུང་འབྲེལ་སྐད་ཡིག་རིགས་གཅིག་ཁོ་ན་མིན་པ་དང༌། སློབ་ཁྲིད་ཀྱི་སྐད་ཡིག་ཀྱང་སྣ་མང་རེད།

བཞི་བ། གལ་ཏེ་སྐད་གཉིས་སློབ་གསོའི་གྲུབ་འབྲས་ལ་ཡིད་ཆེས་ཡོད་པ་བདེན་ན། བོད་ཀྱི་སྐད་ཡིག་དེ་བཅོས་བསྒྱུར་གྱི་ཉེས་ཚབ་ལུག་གླུད་དུ་འགྲོ་དགོས་དོན་མེད། སྐད་གཉིས་སློབ་གསོའི་དཀའ་ཁག་གི་གནད་དོན་བོད་སྐད་བོད་ཡིག་ལ་ཁག་འགེལ་བྱེད་ དོན་དེ་བས་ཀྱང་མེད། ཝང་ཡེའུ་པོ་ཡིས“སྐད་གཉིས་སློབ་གསོ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང༌། རྨང་གཞིའི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་སྐད་གཉིས་སློབ་གསོའི་མ་ལག་གི་ རྨང་གཞིའང་བཙུགས་ཡོད། དེ་མིན་རྒྱ་སྐད་དང་བོད་སྐད་གཉིས་འཛོམས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ མཁན་དང་རྗེས་མཇུག་མཁན་ཡང་མང་བོ་ཞིག་བསྐྱེད་བསྲིངས་བྱེད་ཐུབ་ཡོད། སྐད་གཉིས་སྨྲ་མཁན་དེ་དག་གིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་ནུས་བ་ཆེན་ པོ་བཏོན་དང་འདོན་གྱིན་ཡོད་པས། ‘ནུས་བ་གལ་ཆེན་དེ་དག་གི་ཚབ་གཅིག་གིས་ཀྱང་བྱ་མི་ཐུབ’ཅེས་བརྗོད་ཡོད། ” བཤད་སྲོལ་དེ་ནི་ཕྱི་རོལ་ཡུལ་གྱི་དངོས་བོའི་གཤིས་ལུགས་དང་མཐུན་ཞིང༌། བདེན་པ་བདེན་དྲང༌། དོན་དངོས་དང་ཡང་མཐུན་ཞེས་བརྗོད་ཆོག ང་ཚོ་ལས་འཁྱུར་གཞུང་ཞབས་པ་ཚོ་ནི་འཕེལ་རྒྱས་དེའི་བྱུང་རིམ་དངོས་སུ་མིག་མཐོང་ ལག་ཟིན་གྱི་དཔང་མི་ཡིན་པར་མ་ཟད། རྒན་རབས་པ་གང་མང་ཞིག་གིས་ལས་དོན་དེའི་ཆེད་དུ་རང་སྲོག་བློས་བཏང་ཡང་གནང་ཡོད། སློབ་གསོ་ལས་ཁུངས་ཀྱིས་དེ་འདྲའི་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་པ་ ཤེས་བཞིན་ཏུ་ཅིའི་ཕྱིར་ད་དུང་ཨུ་ཚུགས་ཀྱིས་སྐད་གཉིས་སློབ་གསོ་མེད་པར་གཏོང་ དོན་ཅི་ཡིན་ནམ། སྐད་ཡིག་ལ་གཙོ་ཕལ་དབྱེ་དོན་ཅི་ཡིན་ནམ། སློབ་ཁྲིད་སྐད་ཡིག་ཐད་གཅིག་གྱུར་གྱིས་རྒྱ་སྐད་གཅིག་པུ་བཀོལ་དོན་ཅི་ཡིན་ནམ། ཡང་མི་རིགས་སློབ་གསོ་རྩིས་མེད་ཤུལ་མེད་དུ་གཏོང་དོན་ཅི་ཡིན་ནམསྐད་གཉིས་སློབ་གསོས་ལོ་ངོ་བཅུ་ཕྲག་འགའི་རིང་ཉམས་ཞིབ་དང༌། ཡང་དང་བསྐྱར་དུ་ལག་ལེན་གྱིས་དཀའ་ངལ་རབ་དང་རིམ་པ་སེལ་ནས་ཐོབ་པའི་གྲུབ་འབྲས་ རླབས་པོ་ཆེ་དེ་རྣམས་གཅིག་གཅོད་རྩིས་མེད་དུ་གཏོང་དོན་ཡང་ཅི་ཡིན་ནམ།

ང་ཚོས་ངོས་ལེན་བྱ་ཐབས་མེད་པ་ཞིག་ནི་སྐད་གཉིས་སློབ་གསོའི་ཁྲོད་ཀྱི་དཀའ་ཁག་ གནད་དོན་གང་མང་ཞིག་བོད་ཀྱི་སྐད་དང་ཡི་གེ་དེ“སློབ་ཁྲིད་ཀྱི་སྐད་ཡིག”བྱས་པར་ ཁག་དཀྲི་བྱས་ཡོད། དེ་ནི་ཕྱོགས་རེ་བ་དང༌། གུ་དོག་པོ། ཚན་རིག་ཀྱི་གཞི་འཛིན་ས་གཅིག་ཀྱང་མེད་པའི་གཞི་མེད་སྒྲོ་འདོགས་དང་ཉེས་མེད་ ཉེས་འདོགས་ལས་མ་འདས། ཉེ་ཆར་གྱི ༩་༡༩ (༡༠་༡༩) ངོ་རྒོལ་ལས་འགུལ་ཐོག་མ་བྱུང་སའི་རེབ་གོང་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན། མཐོ་འབྲིང་སློབ་གྲྭ་གཉིས་ཀྱི་ནང་དུ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་སྟེ་སྐད་ཡིག་རིགས་དེ་གསུམ་གྱི་སློབ་ཚན་ཕུད། ཁུལ་དེའི་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་མཐོ་འབྲིང་རིམ་པར་སྐད་ཡིག་ རིགས་མིན་པའི་སློབ་ཚན་མང་ཆེ་བ་བོད་སྐད་སློབ་ཁྲིད་ཀྱི་སྐད་ཡིག་བྱས་ཡོད། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གིས་བོད་སྐད་དང་རྒྱ་སྐད་གཉིས་འཛིན་རིམ་སོ་ སོའི་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་འདེམས་སྒྲུག་བྱས་ཆོག་པ་བྱས་ཡོད། སློབ་ཁྲིད་ལག་ལེན་གྱིས་བདེན་དཔང་བྱས་པ་ཞིག་ནི། ཐུན་རིན་མི་རིགས་སློབ་འབྲིང་དེ་ཁུལ་སློབ་འབྲིང་ལས་བཟང་བ་དང༌། ཁུལ་སློབ་འབྲིང་གི་བོད་ཡིག་འཛིན་གྲྭ་དག་རྒྱ་ཡིག་འཛིན་གྲྭ་ལས་བཟང་བས་དེར་ འགྲེལ་བཤད་ཅི་ཞིག་ཡོད། ཡང་གཅིག་བཤད་ན། རྨ་ལྷོ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ནི་དུས་ཡུན་རིང་བོར་བོད་སྐད་ ཀྱི་སློབ་ཁྲིད་མང་བོ་བྱས་པའི་སྐད་གཉིས་སློབ་ཁྲིད་ཡིན་པ་དང༌། མཚོ་བྱང༌། མཚོ་ནུབ་དང་ཡུལ་ཤུལ་སྟེ་ཁུལ་འདི་གསུམ་གྱིས་བོད་ཡིག་སློབ་ཚན་ཁེར་རྐྱང་ངང་ བཙུགས་ཡོད་ (ཡང་ན་གདམ་སྒྲུག་སློབ་ཚན) གླེང་རིན་ཅན་ཞིག་ནི་སྔ་མའི་ཁུལ་དེ་གཉིས་ཀྱི་སློབ་གསོ་ཁྱབ་གདལ་གྱི་ཚད་དང་ སྤུས་ཚད་སོགས་ཕྱི་མ་གསུམ་ལས་ལྡབ་འགྱུར་གྱིས་བཟང་བས་དེ་ལ་འགྲེལ་བཤད་ཇི་ལྟར་ རྒྱག སློབ་ཁྲིད་ཀྱི་སྐད་ཡིག་བཅོས་བསྒྱུར་ཞེས་པའི་གལ་ཆེའི་རང་བཞིན་ཅན་གྱི་གནད་ དོན་འདིར་མཚོན་ན། ཐོག་དང་པོ་རྨ་ལྷོ་ཁུལ་སློབ་འབྲིང་དང་པོར་བསླངས་ཡོད་ལ། དེ་ལས་དེ་ལ་“ཉམས་མྱོང་རིང་ལུགས”ཟེར་བའི་ཤེས་རྟོགས་ཀྱི་རྨང་གཞི་ཡོད་པ་གསལ་ བོར་ཤེས་ཐུབ། གཟེངས་སུ་ཐོན་པའི་གྲུབ་འབྲས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དག་སྣང་མེད་དུ་ བཞག་ནས་ཨུ་ཚུགས་མཐར་སྐྱེལ་གྱིས་བཅོས་བསྒྱུར་བྱེད་སྲོལ་དེར་དགེ་རྒན་དང་ཁྱིམ་ བདག་དག་གིས་ངོས་ལེན་མི་བྱེད་པའི་སེམས་ཁམས་ལ་དང་ལེན་བྱེད་མི་ཐུབ་པ་མེད་པར་ འདོད།

བཅིངས་འགྲོལ་རྗེས་ཀྱི་མི་རིགས་སྐད་ཡིག་དང་སྐད་གཉིས་སློབ་གསོའི་གནད་དོན་ཐད་ དྲང་ལྡོག་ཕྱོགས་གཉིས་གའི་ཉམས་མྱོང་གཞི་རྩར་བཞག་ནས་བསམ་ཞིབ་རེ་བཏང་ཚེ། “སློབ་གྲྭའི་སློབ་ཁྲིད་ཀྱི་སྐད་ཡིག་གི་འདེམས་སྒྲུག་དེ་ངེས་པར་དུ་མང་ཚོགས་ མང་ཤོས་ཀྱི་འདོད་བློ་དང་ས་གནས་རང་གི་སྐད་ཡིག་ཁོར་ཡུག་ལ་བསྟུན་ནས་གཏན་འབེབས་ བྱ་དགོས་པར་འདོད་ལ།” (༡༩༩༢ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་དང༌། མི་རིགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས༼ལོ་དུ་མའི་རིང་གི་མི་རིགས་སློབ་གསོའི་ལས་ དོན་གྱི་གནད་དོན་གྱི་བསམ་འཆར ༽བཀྲམས་པ་ལས།) ཞིང་ཆེན་གྱི་འཛིན་སྐྱོང་རིམ་པའི་ལས་ཁུངས་ཀྱི་འགོ་ཁྲིད་ཅིག་གིས་སྒེར་གྱི་ བསམ་འདུན་ལྟར་གང་འདོད་དུ་ཁ་ལོ་བསྒྱུར་མི་རུང༌། གོང་ཞུས་ཤེས་རྟོགས་དང་བསམ་ཞིབ་གཞི་རྩར་བཞག་ནས་ང་ཚོས་གཤམ་གྱི་རེ་སྐུལ་འདི་ དག་འདོན་རྒྱུ་ཡིན།

༡༽རྒྱ་སྐད་དེ་སློབ་ཁྲིད་ཀྱི་སྐད་ཡིག་གཅིག་པུ་བྱ་རྒྱུའི་ཁྲིམས་འགལ་གྱི་ཆོད་ དོན་དེའི་རིགས་མྱུར་དུ་མཚམས་འཇོག་བྱ་དགོས། ༼རང་སྐྱོང་བཅའ་ཁྲིམས ༽གྱི་ལེའུ་ཉི་ཤུ་བའི་ནང“གོང་རིམ་ལས་ཁུངས་ཀྱི་གྲོས་ཆོད། གཏན་འབེབས། བཀའ་རྒྱ་དང་བཀའ་སློབ་དག་གལ་སྲིད་མི་རིགས་རང་སྐྱོང་ས་ཁུལ་གྱི་དངོས་ཡོད་གནས་ ཚུལ་དང་མི་མཐུན་ཚེ། རང་སྐྱོང་ལས་ཁུངས་ཀྱི་གོང་རིམ་རྒྱལ་ཁབ་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་བབ་བསྟུན་ བསྒྱུར་བཅོས་ཀྱིས་ལག་ལེན་བསྟར་བ་དང་ཡང་ན་ལག་ལེན་དུ་མི་བསྟར་རྒྱུའི་ཆོག་མཆན་ ཞུས་ཆོག དེ་བཞིན་དུ་འབྲེལ་ཡོད་གོང་རིམ་ལས་ཁུངས་ཀྱི་སྙན་ཞུ་འབྱོར་བའི་ཉི་མ་དེ་ནས་ཉིན ༦༠ནང་བརྡ་ལན་སྤྲོད་དགོས། ”ཞེས་འཁོད་ཡོད། ད་ལྟའི་གནས་སྟངས་དང་ཆ་རྐྱེན་ལྟར་ན། རྒྱལ་ཁབ་གོང་རིམ་གྱི་ཆོག་མཆན་མེད་པར་སྲིད་གཞུང་གི་འགན་ནུས་ལས་ཁུངས་ཤིག་གིས་ འདི་འདྲའི་རྩ་ཁྲིམས་དང་འགལ་བ། སྒྲིག་སྲོལ་དང་ཡང་མི་མཐུན་པའི་ཐག་གཅོད་དང་བཅོས་བསྒྱུར་བྱས་ཡོད་པས། ང་ཚོས་འབོད་སྐུལ་ཞུ་རྒྱུར། རྒྱལ་ཡོངས་དམངས་ཆེན། ཞིང་ཆེན་དམངས་ཆེན་དང་ཁུལ་དྲུག་གི་དམངས་ཆེན་གྱི་གྲོས་འཆམ་མ་བྱུང་གོང༌། མི་རིགས་རང་སྐྱོང་ཁུལ་དྲུག་གིས་མཚོན་པའི་མི་རིགས་ཁ་འཐོར་དུ་གནས་སྡོད་ས་ཁུལ་ དག་ཏུ་མྱུར་དུ་སློབ་གསོ་བཅོས་བསྒྱུར་ཞེས་པའི་ཁྲིམས་འགལ་སྲིད་ཇུས་དེ་ལག་ བསྟར་བྱ་རྒྱུ་མཚམས་འཇོག་བྱེད་དགོས། ཞིང་ཆེན་སློབ་གསོ་ཐེན་གྱིས་ནོར་འཁྲུལ་ཁར་ནོར་འཁྲུལ་མི་བསགས་པ་དང་གནད་དོན་ ཇེ་ཆེར་མི་གཏོང་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གིས་ཡིད་ཆེས་བྱས་ཡོད།

དེ་མིན་མྱུར་བ་མྱུར་དུ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། བོད་ཁུལ་མང་ཚོགས་ཀྱི་སློབ་གསོའི་དགོས་ངེས་དང་འཕེལ་རྒྱས་ཀྱི་ཁེ་ཕན། རྒྱལ་ཁབ་ཀྱི་ཁྲིམས་དང་སྲོལ་ཡིག། སྲིད་ཇུས་ལ་ལྟོས་མེད་རྡོག་རོལ་གཏོང་བ། རྒྱལ་ཁབ་ཀྱི་སྣང་བརྙན་ལ་གནོད་བསྐྱལ་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ལ་གཏོར་བརླག་བྱས་པའི་བྱ་སྤྱོད་ འདི་རིགས་ཡོ་བསྲང་གིས་མཚམས་འཇོག་བྱ་དགོས།

༢༽དངོས་ཡོད་ལ་གཞི་བཅོལ་བ་དང༌། ཚན་རིག་ལ་བརྩི་འཇོག་གིས་ཆོས་ཉིད་གལ་ཆེན་དུ་བརྩིས་ནས་བོད་རྒྱ་གཉིས་ཀྱི་སྐད་ ཡིག་སློབ་ཚན་དང་སྐད་ཡིག་རིགས་ཀྱི་སློབ་ཁྲིད་ཁྲོད་དུ་བོད་ཀྱི་སྐད་ཡིག་དེ་ འགྲོས་མཉམ་ངང་བཀོལ་སྤྱོད་དང་འགྲོས་མཉམ་གྱིས་ནུས་ཤུགས་ཅན་དུ་གཏོང་རྒྱུར་ཧུར་ བརྩོན་བྱ་དགོས། ནན་ཏན་དང་གཟབ་ནན་གྱིས་མཚོ་སྔོན་ཀྱི་སྐད་གཉིས་སློབ་ཁྲིད་ལ་ཐོབ་པའི་གྲུབ་ འབྲས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཞིབ་འཇུག་བྱ་དགོས། ཕྱོགས་ཡོངས་སུ་མི་རིགས་ཆེད་མཁས་པ་དང༌། སྤྱི་ཚོགས་ཀྱི་ལས་གནས་ཁག་དང་ས་ཁུལ་སོ་སོའི་སློབ་གསོ་ལས་ཀ་བ་དང་དགེ་རྒན། ཁྱིམ་བདག་གི་བསམ་འཆར་དང་སློབ་སྟོན་ལ་ཉན་ནས། ད་ཡོད་ཀྱི་ལས་དོན་དང་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་སྐད་གཉིས་སློབ་གསོར་ ལེགས་བཅོས་བྱ་དགོས། སྐད་ཡིག་གཉིས་པ་སྟེ་རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་འདེགས་རྒྱུ་དང་མཉམ་དུ། བོད་རྒྱ་སྐད་ཡིག་གཉིས་ཀ་ཤེས་པའི“སྐད་གཉིས་དགེ་རྒན”བསྐྱེད་བསྲིངས་བྱ་དགོས། བརྩི་འཇོག་ཡོད་པའི་ལམ་ནས་ཁག་ཐེག་གིས་མི་རིགས་ཀྱི་སྐད་དང་ཡི་གེར་རྩིས་རིག་ དང༌། དངོས་ལུགས། རྫས་འགྱུར། རོལ་དབྱངས། ལུས་རྩལ། མཛེས་རིས་སོགས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་རྒྱུན་འཁྱོངས་བྱ་དགོས། སྒོ་ཀུན་ཏུ་བོད་ཁུལ་གྱི་སློབ་གསོའི་གནས་རིམ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། “སློབ་མའི་རྒྱའི་སྐད་ཡིག་གི་ཆུ་ཚད་ཅུང་ཞན་པ་གནད་དོན་དང་དཀའ་ཁག་འབུར་ཐོན་ཅན་ ལྔའི་ནང་གི་གཉིས་པ་དེ་རེད། ” རྒྱའི་སྐད་ཡིག་གི་ནུས་བ་ཇེ་ཆེར་གཏོང་དགོས་ན། རྒྱ་སྐད་སློབ་ཚན་ཞེས་པའི་སྐད་ཡིག་སློབ་ཁྲིད་བརྒྱུད་ནས་ད་བཟོད་མངོན་དུ་གྱུར་ དགོས་པ་ལས། ཚོད་ལྟ་ཁང་དང་རྩིས་རིག རི་མོ་འབྲི་བ། ལུས་རྩལ་ལས་འགུལ་སྤེལ་བ་སོགས་སྐད་ཡིག་རིགས་མ་ཡིན་པའི་སློབ་ཚན་ལ་བསྟེན་ནས་ མངོན་གྱུར་བྱུང་མི་སྲིད། སྐད་ཡིག་སློབ་ཚན་གྱི་དམིགས་ཡུལ་ནི་རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་འདེགས་ ཆེད་ཡིན་ལ། རིག་གཞུང་ཚན་ཁག་གི་འགན་འཁུར་ནི་སློབ་མ་ཚོས་ཁོང་ཚོར་ལྡན་པའི་ཆེས་ཆ་ཡོད་དང་ བྱང་ཆ་ཅན་གྱི་སྐད་ཡིག་བརྒྱུད་ནས། ཆེས་སླ་བོ་དང་ཕན་ནུས་ལྡན་པའི་ངང་ཚན་རིག་ཤེས་བྱའི་སློབ་གསོ་རེག་རྒྱུ་དེ་རེད། གསར་དུ་བཙུགས་པའི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་ཚང་སློབ་འབྲིང་གི“སྐད་ གཉིས”དགེ་རྒན་ཟེར་བ་བསྡུ་ལེན་བྱེད་སྐབས་བོད་ཡིག་དགེ་རྒན་ཁོ་ན་མ་གཏོགས། རིག་གཞུང་ཚན་ཁག་གི་སློབ་ཚན་བཅུ་གྲངས་ཤིག་གི“སྐད་གཉིས”དགེ་རྒན་ཚང་མ་རྒྱ་སྐད་ ལས་བོད་སྐད་མི་ཤེས་པ་རྐྱང་རྐྱང་གདན་ཞུས་ལས་བསྐོས་བྱས་ཡོད་པས། “སྐད་གཉིས་དགེ་རྒན”དེ་དག་གིས་བོད་སྐད་ནང་རམ་འདེགས་སློབ་ཁྲིད་བྱེད་མི་ནུས་པ་ དང༌། སློབ་མ་ཚོས་ཚན་རིག་སློབ་ཁྲིད་དེ་དག་གོ་མི་ཐུབ་པས། ཤེས་ཐུབ་ཀྱི་མི་འདུག་ཅེས་བསམ་འཆར་བཤད་ཀྱིན་པ་དེ་ལྟར་རེད། དེ་ནི་དངོས་ཡོད་ཀྱི་མདུན་དུ་བཤམས་པའི་དངོས་ཡོད་གནས་ཚུལ་རེད། (དོགས་འདྲི། བོད་སྐད་དགེ་རྒན་ལ་སྐད་གཉིས་ཀྱི་དགོས་འདུན་ཡོད་པ་ལས། རྒྱ་སྐད་དགེ་རྒན་ལ་སྐད་གཉིས་ཀྱི་དགོས་འདུན་མེད་པ་ཡིན་ནམ། སྐད་ཡིག་གཅིག་ལས་མི་ཤེས་ན་ཡང་སྐད་གཉིས་དགེ་རྒན་གྱི་གོ་ཐོབ་ཁྱེར་ཆོག་པ་ཡིན་ ནམ། དེ་ནི་འཛམ་གླིང་སྟེང་གི“ཤར་བགྲོད་གོམས་སྲོལ”གང་འདྲ་ཞིག་ཡིན་ནམ།) རྒྱའི་སྐད་ཡིག་གི་ཆུ་ཚད་མཐོ་རུ་འདེགས་རྒྱུའི་ཐད། ང་ཚོས་གཅིག་དེ་གཉིས་སུ་ཕྱེས་དགོས། ཚན་རིག་ཤེས་བྱ་དང་ཚན་རིག་གི་ལྟ་སྟངས་འོག་ཚན་རིག་གིས་ཐག་གཅོད་བྱ་དགོས། སྐད་ཡིག་རིགས་ཀྱི་ཆུ་ཚད་ངེས་པར་དུ་སྐད་ཡིག་སློབ་ཁྲིད་བརྒྱུད་ནས་ཐག་གཅོད་བྱ་ དགོས་པ་ལས། སྐད་ཡིག་ཆུ་ཚད་མཐོ་རུ་འདེགས་རྒྱུའི་ཆེད་དུ་རིག་གཞུང་ཚན་ཁག་གཞན་དག་གི་ཤེས་ བྱའི་ཡོངས་ཁྱབ་དང༌། སྟབས་བདེ། ཐད་ཀར་རེག་རྒྱུའི་གོ་སྐབས་བློས་གཏོང་ག་ལ་རུང༌། སྐད་གཉིས་སློབ་གསོ་ནན་གྱིས་བརྗོད་ཡོད་པ་དང༌། དེའང་བོད་རྒྱ་སྐད་ཡིག་གི་སྐད་ཡིག་སློབ་ཁྲིད་དེ་གཉིས་ཀར་ཤུགས་བསྣོན་བྱེད་ དགོས་པར་མ་ཟད། མི་རིགས་རང་གི་སྐད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་བྱས་ཏེ་རིག་གཞུང་ཚན་ཁག་གཞན་ དག་གི་སློབ་ཁྲིད་ཐད་འབད་པ་བྱ་དགོས།

༣༽(གྲངས་ཉུང) “མི་རིགས་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་ལེན་པ”ཡི་བསྡུ་ལེན་བསྡུར་ཚད་དང་ གྲངས་ཀ་གཏན་འཁེལ་ངེས་ཅན་ཞིག་བྱས་ཏེ། སྐད་གཉིས་སློབ་མའི་སློབ་རིམ་སྤར་བའི་བགྲོད་ལམ་དང་ལས་ཀར་ཞུགས་སའི་འཇུག་ཁུངས་ ཇེ་ཡངས་སུ་བཏང་ནས། རྒྱ་སྐད་འཇིག་རྟེན་དང་མཐུན་པའི་རང་བཞིན་ལ་གཞོགས་འདེགས་བྱ་དགོས། སྐད་གཉིས་སློབ་གསོའི་ཐད“སློབ་རིམ་སྤར་བའི་འགྲོ་ལམ་དོག་ཅིང་ལས་ཀར་ཞུགས་སའི་ འཇུག་ཁུངས་ཆུང་བ་དང་རང་ངོས་ནས་འཕྲོད་མཐུན་གྱི་རང་བཞིན་ཞན་པ”འབུར་དུ་ཐོན་ པའི་གནོད་དོན་དང་དཀའ་ཁག་ལྔའི་ནང་གི་གསུམ་པ། འདིའི་ཐད་སློབ་མར་འགན་འཁྲི་མེད། འགན་འཁྲི་སྲིད་གཞུང་གི་སློབ་གྲྭ་མཐོ་རིམ་ཁག་གི་བསྡུ་ལེན་སྲིད་ཇུས་དང་ཐབས་ ཇུས་ལ་ཡོད། སྐད་གཉིས་སློབ་མའི་སློབ་རིམ་སྤར་རྒྱུར་དཀའ་ལས་ཡོད་པ་དང་ལས་ཀར་ཞུགས་ས་རྙེད་ དཀའ་བའི་གནད་དོན་ཐག་གིས་གཅོད་བསམ་ན། ནང་སོག་དང་ཞིན་ཅང༌། བོད་རང་སྐྱོང་ལྗོངས་སོགས་མི་རིགས་ས་ཁུལ་གྱི་བྱ་བ་སྒྲུབ་སྟངས་དང་ཉམས་མྱོང་ བཟང་བོའི་རིགས། ལེགས་འགྲུབ་བྱུང་ཟིན་པའི་རིགས་དང་མི་དམངས་ཀྱི་དགའ་བསུ་ཐོབ་ཡོད་པའི་རིགས་ སོགས་ལ་སློབ་སྦྱོང་དང་ནང་འདྲེན་བྱ་དགོས། དཔེར་ན། མི་རིགས་ཀྱི་སྐད་ཡིག་བསླབ་གཞི་གསར་སྤེལ་དང་འགྲེམས་སྤེལ། སློབ་ཆུང་ནས་སློབ་འབྲིང་བར་གྱི་མི་རིགས་སྐད་གཉིས་སློབ་གསོའི་མ་ལག་འཛུགས་ སྐྲུན། སྐད་གཉིས་སློབ་གསོའི་ཆོས་ཉིད་ཞིབ་འཇུག སྐད་ཀྱི་ནུས་བ་ལྟེ་བ་བྱས་ནས་རྒྱའི་སྐད་ཡིག་གི་སློབ་ཁྲིད་སོགས། ལྷག་པར་དུ་ལྷག་བསམ་རྣམ་དག་དང་དགེ་སེམས་ཀྱིས་སྐད་གཉིས་སློབ་མའི་སློབ་རིམ་ སྤར་བའི་འགྲོ་ལམ་དོག་པའི་ཚད་བཀག་དེ་ལས་བརྒལ་ཐུབ་པ་བྱེད་དགོས། མཚོ་སྔོན་གྱི་དངོས་ཡོད་ས་ཁུལ་གནས་སྟངས་ལྟར། བོད་རྒྱ་སོག་རྒྱ་སྐད་གཉིས་རིགས་ཀྱི“མི་རིགས་སློབ་མས་མི་རིགས་སློབ་གྲྭར་ རྒྱུགས་ལེན་པའི”སློབ་མའི་མི་གྲངས་དང་བསྡུར་ཚད་ལྟར། མཐོ་རིམ་སློབ་གྲྭའི་བསྡུ་ལེན་ཁྲོད་དམིགས་བསལ་གྱིས་འོས་ཤིང་འཚམས་པའི་བསྡུར་ ཚད་དང་མི་གྲངས་གཏན་འཁེལ་བྱས་ནས་སྐད་གཉིས་སློབ་མ་རྣམས་རྒྱལ་ཡོངས་ཀྱི་སློབ་ གྲྭ་ཆེ་ཁག་ཏུ་འགྲོ་ཐུབ་པར་བྱ་དགོས་ལ། ཆེད་སྦྱོང་དག་གིས་ཀྱང་ཡངས་པའི་སྒོ་མོ་ཕྱེ་ནས། ཁོང་ཚོ་རྒྱལ་ཁབ་ཡོངས་དང་འཛམ་གླིང་ཡོངས་སུ་བསྐྱོད་ཆོག་པའི་མཐུན་རྐྱེན་སྐྲུན་ དགོས།

བཞི་བ། མི་རིགས་སྐད་ཡིག་གི་སློབ་ཁྲིད་མཐོ་རུ་འདེགས་རྒྱུ་ཞེས་པའི་ཁས་ལེན་ལག་ལེན་དུ་ བསྟར་ནས། མི་མང་གི་སྐད་གཉིས་བཅོས་བསྒྱུར་ཐད་བཅངས་པའི་སེམས་འཁྲལ་དང་དོགས་པ་སེལ་དགོས། ཝང་ཡེའུ་པོ་ཡིས“གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་མུ་མཐུད་ནས་དམ་ འཛིན་གྱིས་ཆ་རྐྱེན་ཇེ་ལེགས་དང་དོ་སྣང་མང་ཙམ་སྤྲད་ནས་སློབ་ཁྲིད་ཀྱི་སྤུས་ཚད་ ཇེ་མཐོར་གཏོང་དགོས།” འདི་ལྟ་བུའི་དོན་མེད་ཆོ་མེད་ཀྱི་བཤད་སྟངས་ནི་རྒྱུན་དུ་མཐོང་རྒྱུ་གོ་རྒྱུ་ མང་བས་ཡ་མི་མཚར་བར་མ་ཟད། རྣ་བར་སུན་སྣང་སྐྱེས་ཡོད། ང་ཚོའི་དངོས་བརྒྱུད་ཁྲོད་མཐོང་བ་ནི་ དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་མཚོ་སྔོན་ཞིང་ཆེན་གྱིས་མ་དཔེ་གཉིས་ དུས་མཉམ་དུ་འགྲོ་རྒྱུའི་སྐད་གཉིས་སློབ་གསོར་དམིགས་པའི“གཞི་གཉིས་ལམ་གཅིག་གི་ ལམ་ལུགས”ཞེས་པའི་སློབ་གསོའི་སྲིད་ཇུས་ཤིག་བཏོན། དམིགས་སྒོ་ནི་ས་ཁུལ་གཉིས་སྟེ་ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་མཉམ་བསྲེས་ས་ཁུལ་ གྱི་མི་རིགས་སློབ་གྲྭ་ཁག་རེད། ས་ཁུལ་དེ་དག་ཏུ་རྒྱ་སྐད་སློབ་ཁྲིད་ཀྱི་སྐད་ཡིག་ཏུ་གཏན་འབེབས་བྱས་པ་དང༌། མི་རིགས་ཀྱི་སྐད་ཡིག་གཅིག་རྐྱང་ངང་བཞག་པའི་སྐད་གཉིས་སློབ་གསོ་ལག་བསྟར་གྱིས་ མི་རིགས་རང་སྐྱོང་ཁུལ་དྲུག་ཏུ་བོད་ཡིག་སློབ་ཁྲིད་ཀྱི་སྐད་ཡིག་དང༌། རྒྱའི་སྐད་ཡིག་གཅིག་རང་བཞག་པའི་སྐད་གཉིས་སློབ་གསོ་ལག་བསྟར་བྱས། ལོ་ངོ་སུམ་ཅུའི་འཕེལ་རྒྱས་ཀྱི་རྗེས་སུ། ཞོང་ཧྭ(ཡ་རྫི། བསྒྱུར་མཆན)ཕུད་པའི(ལོ་འདི་འགའི་རིང་ཧྭ་ལུང(བ་ཡན) གིས་སླར་གསོ་བྱེད་འགོ་ཚུགས་ཡོད།) མཚོ་ཤར་གྱི་མཉམ་བསྲེས་ས་ཁུལ་ཁག་ཏུ་སྐད་གཉིས་སློབ་གསོ་མིང་ཙམ་ལས་ལྷག་མེད། མི་རིགས་སྐད་ཡིག་གི་དགེ་རྒན་ཕལ་ཆེར་བཀོད་སྒྲིག་བྱས་མེད་ཅེས་ལབ་ཆོག དེ་འདྲའི་དབང་གིས་བོད་རྒྱ། ཧོར་རྒྱ། སཱ་ལར་དང་རྒྱ་སོགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་གསོ་དུས་དེ་ རིང་མིང་ཡོད་དོན་སྟོང་གི་སར་ལྷུང་ཡོད། དེ་བས། མི་རིགས་ཀྱི་སྐད་ཡིག་གཅིག་རྐྱང་རང་འཛུགས་འཇོག་གི་སྐད་གཉིས་སློབ་གསོ་ཞེས་པ་ དེ་རྒྱ་སྐད་ཁོ་ནས་སློབ་ཁྲིད་བྱ་རྒྱུའི་ཐོག་མའི་ཐེམ་སྐས་དང་ཁ་གཡར་སར་གྱུར་ ཡོད་པ་འདྲ།

ལོ་རྒྱུས་འདི་ནི་ཞིང་ཆེན་ཡོངས་སུ་མཐོང་འདོད་དང་གླེང་འདོད་མེད་པའི་འཛེམ་བྱར་ གྱུར་ཡོད་ལ། དོན་དངོས་སུ་དེ་ནི་ནོར་བཅོས་དང་བསྒྱུར་བཀོད་བྱེད་དགོས་སའི་ལྟེ་བ་དེའང་ཡིན། ད་ལྟ། ཞིང་ཆེན་རིམ་པའི་སློབ་གསོ་ལས་ཁུངས་ཀྱིས་རྒྱ་སྐད་ཁྱབ་གདལ་དུ་གཏོང་འདོད་ཀྱི་ དམ་བཅའ་དང་ཤེད་ཤུགས་འདི་འདྲ་ཆེ་བས། ས་ཁུལ་འདི་དག (མཚོ་བྱང༌། མཚོ་ནུབ་ཀྱི་གྲོང་བརྡལ་དང་ཞིང་ཕྱུགས་ལས་ཁ་ཤས་ཀྱང་འདུས་ཡོད།)གི་མི་རིགས་སྐད་ ཡིག་གི་སློག་ཁྲིད་མཐོང་ཡང་མ་མཐོང་བ་ལྟར་རྨེག་མེད་དུ་བཟོ་འདོད་ཆེ་བས“སྐད་ ཡིག་འདྲ་མཉམ”ཞེས་པའི་བཅའ་ཁྲིམས་སུ་འཁོད་པའི་ཚིག་དུམ་འདིར་བདེན་དཔང་ཇི་ལྟར་ བྱེད་ཐུབ་ཀྱི་ཡོད་དམ།

ཞིང་ཆེན་སློབ་གསོ་ཐེན་གྱིས་ཁ་བཤད་དོན་ལ་གནས་པའི་ངང་སྔོན་གྱི་ཁས་ལེན་དག་ལག་ བསྟར་བྱ་རྒྱུ་དང༌། བསམ་འཆར་ཡིག་ཆ་འདི་འབྱོར་བའི་ཉིན་མོ་ནས་ཉི་མ ༦༠ རྗེས་སུ་ཟི་ལིང་དང་མཚོ་ཤར་ས་ཁུལ་གྱི་སྡེ་ཚོ་ཁག་གི་མི་རིགས་སློབ་གྲྭའི་མི་ རིགས་སྐད་ཡིག་གི་སློབ་ཚན་དང་དགེ་རྒན་བཀོད་སྒྲིག་བྱ་རྒྱུའི་གནད་དོན་ཐད་ཇུས་ གཞི་ཚགས་ཚུད་ཡོང་དགོས་པར་མ་ཟད། ལན་འདེབས་ཀྱང་གསལ་བོ་ཡོང་རྒྱུ་དང། “སྐད་ཡིག་གཅིག་གིས་སྐད་ཡིག་གཞན་ཞིག་ནུས་མེད་དུ་བཟོ་འདོད་མིན་པ”བདེན་དཔང་ཁ་ གསལ་བཏོན་ནས་བོད་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཡིད་ཆེས་སྐྲུན་རྒྱུར་ང་ཚོས་ འབོད་སྐུལ་ནན་གྱིས་ཞུས་པ་ཡིན། ཡང་ང་ཚོས་ནན་གྱིས་འབོད་སྐུལ་ཞུ་རྒྱུ།

༡༽རིག་གསར་གྱི་རྗེས་སུ་དྲང་ལྡོག་ཕྱོགས་གཉིས་ཀའི་ཉམས་མྱོང་དང་བསླབ་བྱ་ལ་བསམ་ ཞིབ་བྱས་ཏེ་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང༌། སློབ་སྦྱོང༌། སྐད་ཡིག་བཀོལ་སྤྱོད་སོགས་བརྒྱུད་ནས་གོམ་པ་རིམ་བགྲོད་ཀྱིས་མི་རིགས་བར་གྱི་ད་ ཡོད་འབྲེལ་བ་བཟང་བོ་འདི་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོིང་དགོས། ༼རང་སྐྱོང་བཅའ་ཁྲིམས༽ཀྱི་ལེའུ་ཞེ་དགུ་བར“མི་རིགས་རང་སྐྱོང་ས་ཁུལ་གྱི་རང་ སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་མི་རིགས་ལས་བྱེད་པས་ཕན་ཚུན་གྱི་སྐད་དང་ཡི་ གེ་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་དང་སློབ་གསོ་གཏོང་དགོས། རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་ སྦྱོང་བྱ་རྒྱུ་དང༌། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་ བཀོལ་སྤྱོད་དང་ཆབས་ཅིག་རྒྱལ་ཁབ་ཀྱི་ཐུན་མོང་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་ སྤྱི་སྐད་དང་ཚད་ལྡན་ཡི་གེ་སློབ་སྦྱོང་བྱ་དགོས”ཞེས་གཏན་འབེབས་བྱས་ཡོད། ང་ཚོ་ལས་འཁྱུར་གཞུང་ཞབས་པ་དག་ལོ་ན་གཞོན་དུས་སུ། བོད་ཁུལ་ཁག་གིོ་རྒྱ་རིགས་ལས་བྱེད་པ་ཕལ་ཆེ་བས་བོད་སྐད་བཤད་ཤེས་ཀྱི་ཡོད། རིག་གནས་གསར་བརྗེ་ཆེན་མོས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་སློབ་སྦྱོང་བྱ་ རྒྱུར་བཀག་སྡོམ་བྱས་ཡོད་མོད། ཏང་གི་ཚོགས་ཆེན་སྐབས་གསུམ་པའི་རྗེས་སུ་ནོར་འཁྲུལ་དེར་ལམ་སང་ཡོ་བསྲང་བྱས་ ཡོད། ཡིན་ན་ཡང། དེ་རིང་གི་གནས་སྟངས་ཁ་ཁ་རེད་ལ་སྲིད་དབང་ལའང་འགྱུར་བ་ཆེན་པོ་ཐེབས་འདུག གྲངས་ཉུང་མི་རིགས་ཀྱིས་རྒྱ་སྐད་སློབ་སྦྱོང་བྱ་རྒྱུ་ནི་ཡོངས་ཁྱབ་རེད། འོན་ཀྱང་རྒྱ་རིགས་ལས་བྱེད་པ་ཕལ་ཆེ་བས་མི་རིགས་ཀྱི་སྐད་ཡིག་མི་ཤེས་པར་མ་ཟད། ད་དུང་མི་རིགས་རང་གི་ལས་བྱེད་པ་ལ་ལས་ཀྱང་རང་མི་རིགས་ཀྱི་སྐད་དང་ཡི་གེ་མི་ བཤད། མི་བཀོལ། རང་སྐྱོང་ལས་ཁུངས་དག་ཏུ་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་མཁན་ཡང་ཉིན་ མོའི་སྐར་མ་བཞིན་ཤིན་ཏུ་དཀོན། མི་རིགས་ཀྱི་སྐད་ཡིག་ཉིན་རེ་ཞག་རེར་ཇེ་ཞན་དང༌། སྤྱི་ཚོགས་སྟེང་མི་རིགས་ཀྱི་སྐད་ཡིག་ཐད་ཀྱི་ཤེས་ལྡན་མི་སྣ་རྣམས་བས་མཐའ་ཅན་ དུ་དེད་ཡོད། འགྲོ་སྟངས་འདིས་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་རིགས་བར་གྱི་འབྲེལ་བར་ཤུགས་ རྐྱེན་ངན་པ་ཐེབས་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནས་སྟངས་འདིར་མཐོང་ཆེན་གྱིས་རང་ སྐྱོང་ས་ཁུལ་ཁག་གི་ད་ལྟའི་ཚབས་ཆེའི་གནས་སྟངས་གཙིགས་ཆེན་དུ་བཟུང་ནས་གནད་དོན་ ལ་གདོང་ལེན་དང་འགངས་ཆེན་དུ་བརྩིས་ཏེ་སྔ་མོ་ནས་ཕྱིར་བཤོལ་གྱི་གནས་སྟངས་འདིར་ ཡོ་བསྲང་བྱེད་རྒྱུར་ང་ཚོས་རེ་སྐུལ་ནན་མོ་ཞུས་པ་ཡིན།

༢༽བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྐད་ཡིག་མང་ བོའི་རིག་གནས་འཆམ་མཐུན་མཉམ་གནས་དང༌། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་མཐུད་ཀྱི་དགོས་དབང་ཡང་ཡིན་པས། དེ་ལ་བརྩི་སྲུང་དང་མཐོང་ཆེན་གནང་རོགས་གནོངས། བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་རིང་ཞིང༌། བརྗོད་བྱ་ཕུན་སུམ་ཚོགས་པ། དེ་ཡིས་ཟབ་ཅིང་རྒྱ་ཆེ་བའི་ལོ་རྒྱུས་རིག་གནས་དང་བསམ་པའི་དཔལ་ཡོན་ཐེག་ཡོད་ལ། བོད་མི་རིགས་གཅིག་པུ་མ་ཡིན་པར་ཐ་ན་རྒྱ་གར་གྱི་རིག་གནས་དང་རྒྱ་ནག་གི་རིག་ གནས་སོགས་ཀྱི་སྲུང་འཛིན་དང་ཁྱབ་སྤེལ་ཐད་སྔོན་ཆད་ནུས་པ་ཐོན་ཡོད་ལ་དུས་དེ་ རིང་ད་དུང་སྐད་དང་ཡི་གེ་གཞན་སུ་ཞིག་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ གྱིན་ཡོད་པ་སྨྲས་མ་དགོས། བོད་ཀྱི་སྐད་དང་ཡི་གེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གཞུང་གི་སྟོབས་ཤུགས་མཉེན་ མོ་མཐོ་རུ་འདེགས་བྱེད་ཀྱི་གྲུབ་ཆ་གཙོ་བོའི་གྲས་ཡིན། བོད་ཡིག་དེ་རྒྱལ་མཚམས་བརྒལ་བའི་ནུས་ལྡན་སྐད་ཡིག་ཅིག་ཡིན་པ་དང་དུས་མཚུངས་སུ། རྒྱལ་སྤྱིའི་གཅིག་གྱུར་གྱི་ཨང་སྒྲིག་ཡོད་པའི་ཡིག་རིགས་ཤིག་ཀྱང་ཡིན་པ་དང༌། བོད་ཡིག་གིས་བོད་ཁུལ་གཅིག་པུ་མིན་པར་ཕྱོགས་མཐའི་རྒྱལ་ཁབ་དང་ས་ཁུལ་དང་ཡང་ འབྲེལ་བ་ཆགས་ཡོད་པས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་གནད་ དོན་དེ་རྒྱལ་ནང་གི་གནད་དོན་ཁོ་ན་ཙམ་མིན། དེང་སྐབས། སྐད་ཡིག་སྣ་མང་ཅན། རིགས་གནས་སྣ་འཛོམས་ཅན་སོགས་སྐྱེ་དངོས་སྣ་མང་ཅན་ཇི་བཞིན་འཛམ་གླིང་མི་མང་གིས་ དོ་སྣང་དང་གཙིགས་ཆེན་བྱེད་ཀྱིན་ཡོད་ལ། དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱིས་ཐུན་མོང་གི་ངོས་འཛིན་ཡང་ཡིན། དེ་དང་འགྲོས་མཉམ་དུ། ལོ་གཉིས་ཕྱིན་ཡོད་ཀྱང༌། ༣་༡༤་དང་༧་༥དོན་རྐྱེན་གྱི་གྲིབ་སོ་ད་དུང་ཡང་བོད་མི་རིགས་ཀྱི་མཐའ་འཁོར་ན་ཡལ་ མེད། མི་མང་གིས་འཇིགས་སྐྲག་དང་བློ་འཚབ་ཆེན་པོས་གླེང་སློང་བྱེད་ཀྱིན་པ་ནི། ཀྲུང་དབྱང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སྲིད་ཇུས་ལ་བཅོས་བསྒྱུར་བྱེད་སྲིད་དམ། བོད་ཀྱི་ལས་བྱེད་པ་དང༌། མི་དམངས། སློབ་མ། བོད་ཀྱི་རིག་གནས། བོད་ཀྱི་སྐད་ཡིག་དང་ཆོས་ལུགས་སོགས་ལ་ཁ་གཏད་པའི་རྣམ་འགྱུར་ལ་འགྱུར་བ་ཐེབས་ སམ་སོགས་ཀྱི་བློ་དོགས་རེད།

དུས་སྐབས་འདི་འདྲ་ཞིག་ཏུ། རྒྱབ་ལྗོངས་འདི་འདྲ་ཞིག་གི་འོག་ཏུ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རྒྱུན་མཐུད་ རང་བཞིན་བཅད་དེ་གཞི་རྒྱ་ཆེན་པོས་བཅོས་བསྒྱུར་ཟེར་བ་ལག་བསྟར་བྱས་ཚེ། བོད་ཀྱི་སྐད་ཡིག་དེ“སློབ་གསོའི་སློབ་ཁྲིད་ཀྱི་སྐད་རིགས”སུ་བཀོལ་མི་ཆོག་ཅེས་ བཀག་སྡོམ་བྱས་ཚེ། མི་དམངས་ཁྲོད་དངངས་སྐྲག་སློང་རྒྱུ་ཧ་ཅང་གི་ལས་སླ་བོ་ཡིན་ལ། དགེ་རྒན་དང་སློབ་མ། ཁྱིམ་བདག་ཁྲོད་ཟང་ཟིང་བཟོ་རྒྱུ་དེ་བས་ཀྱང་ལས་སླ་བོ་ཡོད་པས། བདེ་འཇགས་དང་འཆམ་མཐུན། མཐུན་སྒྲིལ་སོགས་ལའང་ཕན་པ་ལས་གནོད་ཡོད། ང་ཚོའི་རེ་བར་སློབ་གསོའི་འབྲེལ་ཡོད་ལས་ཁུངས་དག་གིས་གདོང་ལེན་བྱེད་འོས་ པའི“སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ནོར་འཁྲུལ་ཅན་གྱི་ བསམ་བློ”དང“འཛེམ་དོགས་སྣ་ཚོགས”ལ་མཐོང་ཆེན་དང་དབྱེ་ཞིབ་ཞིབ་མོ་གནང་ནས། “ཆབ་སྲིད་ཀྱི་འགན་འཁུར་གལ་ཆེན་ཞིག་དང༌། མི་དམངས་ཀྱི་འཚོ་བའི་བཟོ་བཀོད་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་དམ་བཅའ་སྔོན་ལ་ ཕུལ་ཏེ་ནུས་ཤུགས་ཆེན་པོ་བཀོལ་ནས་དམ་འཛིན་ཡག་པོས་གྲུབ་འབྲས་ཤིག་ཐོན་ཐུབ་པ་ བྱེད་ཡོད ”།

༣༽སློབ་གསོ་དང་མི་རིགས་ལས་དོན་ལས་ཁུངས་མ་ཡིན་པའི་འབྲེལ་ཡོད་ལས་ཁུངས་གཞན་དག་ གིས་འགོ་ཁྲིད་ནས་སྐད་གཉིས་སློབ་གསོའི་གནད་དོན་ལ་ཞིབ་བཤེར། ཞིབ་འཇུག གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་དང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱས་ནས་སྤྱི་ཚོགས་ ཀྱི་བདེ་འཇགས་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོབ་གཞི་རྟེན་གྱིས་བོད་ ཀྱི་སྐད་དང་ཡི་གེས་མི་རིགས་བར་གྱི་འབྲེལ་བ་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཆབ་ སྲིད་རྒྱུ་རྐྱེན་དུ་མི་འགྱུར་བར་སྔོན་འགོག་བྱ་དགོས། མཚོ་སྔོན་བོད་རིགས་ཞིབ་འཇུག་ལས་ཁུངས་ནི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་ཀྱི་ སྒྲིག་འཛུགས་ཆེ་ཤོས་དེ་ཡིན་པའི་ཆ་ནས། མགྱོགས་མྱུར་ངང་བོད་རིགས་དང་རྒྱ་རིགས། མི་རིགས་གཞན་ཀྱི་ཆེད་མཁས་པ་དང་སློབ་གསོའི་ལས་ཀ་བ། སྤྱི་ཚོགས་ལས་ཀ་བ་སོགས་རྩ་འཛུགས་ཀྱིས་སྒོ་ཀུན་ནས་སློབ་སྦྱོང་བྱས་ཏེ་མཚོ་ སྔོན་ཞིང་ཆེན་སློབ་གསོ་ཐེན་གྱི་གཏན་འབེབས་དང་ནང་དོན་ལ་རྒྱུས་ལོན་མ་ནོར་བ་ བྱེད་དགོས། གང་ཐུབ་ཐུབ་ཀྱིས་ཆེད་ལས་ནུས་ཤུགས་དང་བོད་ཁུལ་དུ་སློབ་གསོ་ཉམས་མྱོང་ཅན་གྱི་ ལས་འཁྱུར་གཞུང་ཞབས་པ་རྩ་འཛུགས་བྱས་ནས་སྔར་ལས་ལྷག་པའི་བོད་རྒྱ་སྐད་ཡིག་གཉིས་ ཀྱི་སློབ་གསོའི་ལས་དོན་ཐད་ཞིབ་བཤེར་ཞིབ་འཇུག་དང་དབྱེ་ཞིབ་གོ་བསྡུར་བྱ་དགོས། ཧུར་ཐག་འབད་ཐག་གིས་གོ་རིམ་ཅན་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་ཞིབ་འཇུག་དང་ གྲོས་བསྡུར་ཚོགས་འདུ་བསྐོང་རྒྱུ་དང༌། ཕྱོགས་ཡོངས་སུ་སྐད་གཉིས་སློབ་གསོའི་འཕེལ་རྒྱས་དང་བཅོས་བསྒྱུར། མཐོར་འདེགས་སོགས་ཐད་ཀྱི་སྙན་ཞུ་དང་དཔྱད་རྩོམ་བསྡུ་རུབ། ཕྱིའི་རྒྱལ་ཁབ་ཀྱི་ སྐད་གཉིས་སློབ་གསོའི་ཉམས་མྱོང་དང་རྒྱལ་ནང་གི་མཐའ་མཚམས་དང་ནང་སོག ཞིན་ཅང༌། བོད་རང་སྐྱོང་ལྗོངས། ཀོས་ཀྲུག ཡུན་ནན་སོགས་ཀྱི་ཉམས་མྱོང་ཡང་འདུས་དགོས་པ་བྱ་དགོས། དྲང་ཕྱོགས་དང་ཀུན་སློང་ཡག་པོ། བསམ་པ་རྣམ་དག་ཁ་ཞེ་གཉིས་མེད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ནས། བོད་རིགས་ལས་བྱེད་པ་དང་མང་ཚོགས། དགེ་རྒན་དང་སློབ་མས་ཐལ་དྲགས་པའི་བྱ་སྤྱོད་བཀོལ་ནས་ཁོང་ཚོའི་ཡང་དག་པའི་རེ་ འདུན་ཞུ་རྒྱུར་སྔོན་འགོག་བྱ་རྒྱུ་དང༌། གནས་སྟངས་ཇེ་ཆེ་སོང་ནས་མཇུག་འབྲས་མི་ལེགས་པ་འབྱུང་རྒྱུར་དེ་བས་ཀྱང་སྔོན་ འགོག་ཐུབ་དགོས།

གོང་ཞུས་རེ་སྐུལ་དེ་དག་དང་མཉམ་དུ་རིགས་སོ་སོའི་སྤུན་ཟླ་རྣམ་པས་ཕུགས་ཀྱི་ དོན་ལ་བསམ་ནས་ཡུན་རིང་གི་འཆར་འགོད་འཐེན་རྒྱུ་དང༌། གང་ཐུབ་ཐུབ་ཀྱིས་བཟོད་པ་སྒོམ་ནས་བབ་བརླིང་ངང༌། སེམས་རྣལ་ལ་ཕབ་ནས། དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བསྒྲགས་པ། ཚན་རིག་གི་ལམ་ནས། བརྟན་བརླིང་ངང༌། ཕན་ཡོད་འབྲས་ཡོད་ཀྱིས་སྐད་གཉིས་སློབ་གསོར་སྐུལ་འདེད་དང༌། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་རྒྱུན་འཁྱོངས་ཡོང་ཐབས་སུ་ཧུར་བརྩོན་བྱ་དགོས།

ཟི་ལིང་ས་ཁུལ་གྱི་ལས་འཁྱུར་གཞུང་ཞབས་པ་དང་སློབ་གསོའི་ལས་ཀ་བ་སྐོར་ཞིག་གིས། སྤྱི་ལོ་ཟླ་ཚེས་ལ། ༢༠༡༠ བ༡༠བ༢༤

འབུལ་ཡུལ། ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང༌། རྒྱལ་ཡོངས་དམངས་ཆེན་མི་རིགས་ཆོས་ལུགས་ལས་ཁུངས། རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང༌། སློབ་གསོ་པུའུ། རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་གྱི་རྒྱུན་ལས་ཁང་ཁག ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང༌། ཞིང་ཆེན་སྲིད་གྲོས་དང་འབྲེལ་ཡོད་ལས་ཁུངས་ཁག ཞིང་ཆེན་ཐབས་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་དམངས་ཆོས། ཁུལ་དྲུག་གི་ཏང་ཨུ། དམངས་ཆེན། སྲིད་གཞུང༌། སྲིད་གྲོས། ཁུལ་དྲུག་གི་སློབ་གསོ་ཅུའུ་བཅས།

པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
སྐད་གཉིས་སློབ་གསོའི་ཐད་ཀྱི་བསམ་འཆར།
འབྲོག་མྱིས་བསྒྱུར།